-
Notifications
You must be signed in to change notification settings - Fork 0
/
Copy path8thkarmapa1_3 拷貝.xml
281 lines (281 loc) · 151 KB
/
8thkarmapa1_3 拷貝.xml
1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31
32
33
34
35
36
37
38
39
40
41
42
43
44
45
46
47
48
49
50
51
52
53
54
55
56
57
58
59
60
61
62
63
64
65
66
67
68
69
70
71
72
73
74
75
76
77
78
79
80
81
82
83
84
85
86
87
88
89
90
91
92
93
94
95
96
97
98
99
100
101
102
103
104
105
106
107
108
109
110
111
112
113
114
115
116
117
118
119
120
121
122
123
124
125
126
127
128
129
130
131
132
133
134
135
136
137
138
139
140
141
142
143
144
145
146
147
148
149
150
151
152
153
154
155
156
157
158
159
160
161
162
163
164
165
166
167
168
169
170
171
172
173
174
175
176
177
178
179
180
181
182
183
184
185
186
187
188
189
190
191
192
193
194
195
196
197
198
199
200
201
202
203
204
205
206
207
208
209
210
211
212
213
214
215
216
217
218
219
220
221
222
223
224
225
226
227
228
229
230
231
232
233
234
235
236
237
238
239
240
241
242
243
244
245
246
247
248
249
250
251
252
253
254
255
256
257
258
259
260
261
262
263
264
265
266
267
268
269
270
271
272
273
274
275
276
277
278
279
280
281
<pb id="1-1-41a"/>
ཀ་རང་བཞིན་མེད་པར་རྟོགས་ནས། རང་བཞིན་མེད་པ་ལ་སེམས་ཅན་ཙམ་དུ་ཉེ་བར་བཏགས་པ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པས་རབ་ཏུ་ཕྱེ་བའི་ཕྱིར། སྙིང་རྗེ་འདི་དག་སུ་ཞིག་གི་རྒྱུད་ལ་ལྡན་ཅེ་ན། ཉན་རང་
ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པའི་ལུགས་ལ་དང་པོ་སོ་སོ་སྐྱེ་བོ་དང་། གཉིས་པ་ཉན་རང་དང་། གསུམ་པ་རྒྱལ་སྲས་དང་སངས་རྒྱས་ལ་ཡོད་ཅེས་དང་། གྲུབ་མཐའི་སྒོ་ནས་བཞག་ན་དང་པོ་མུ་སྟེགས་དང་། གཉིས་པ་དངོས་སྨྲ་བ་དང་། གསུམ་པ་
དབུ་མ་པ་ལ་ཡོད་ཅེས་དང་། ཐེག་ཆེན་གྱི་ས་མཚམས་ཀྱི་སྒོ་ནས་བཞག་ན། དང་པོ་ཐེག་ཆེན་གྱི་ཚོགས་སྦྱོར་དང་། གཉིས་པ་མ་དག་ས་བདུན་དང་། གསུམ་པ་དག་པ་ས་གསུམ་ཡན་ཆད་ན་ཡོད་པར་བཞེད་དོ། །ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་
ཡོད་པའི་ལུགས་འདིར་ནི་སྙིང་རྗེ་ཐ་མ་གཉིས་བློའི་ངོ་བོ་གཅིག་ལ་དམིགས་ཚུལ་གྱི་འཛིན་སྟངས་ཐ་དད་པ་ཙམ་དུ་བས་པས་འཕགས་པའི་གང་ཟག་ཐམས་ཅད་ལ་ཡོད་པར་འདོད་དོ། །འཇིག་རྟེན་འདི་ནི་བདག་གིར་ཞེན་པའི་དང་པོར་ངའོ་ཞེས་རྟོག་པས་ཡོད་
པ་མིན་པའི་བདག་ལ་བདག་གོ་ཞེས་བདེན་པར་ཞེན་པར་གྱུར་ཅིང་། དེའི་འོག་ཏུ་ངར་འཛིན་གྱི་ཡུལ་ལས་གཞན་པའི་སེམས་ཅན་ཡིན་མིན་གྱི་དངོས་པོ་མ་ལུས་པ་ལ་བདག་གི་འདིའོ་ཞེས་དངོས་པོ་རྣམས་ལ་ཆགས་པ་བསྐྱེད་དོ། །དེས་ན་བདག་དང་བདག་
གིར་ཞེན་པའི་སྐྱེ་བོ་འདི་ནི་ཟོ་ཆུན་གྱི་རྒྱུད་འཕྱན་པ་ལྟར་ལས་ཉོན་གྱི་དབང་གིས་རང་དབང་མེད་པར་མནར་མེད་ནས་སྲིད་རྩེའི་བར་གྱི་འཁོར་བའི་ཁྲོན་པ་ཆེན་པོར་ཐོག་མེད་ནས་བར་མེད་དུ་འཕྱན་པའོ། །དེའང་ཟོ་ཆུན་གྱི་རྒྱུད་ལ་ཐག་པས་བསྡམས་པ་དང་།
<pb id="1-1-41b"/>
འཕྲུལ་འཁོར་མཁན་གྱི་གཞན་དབང་ལ་རག་ལས་པ་དང་། ཁྲོན་པར་འཁོར་བར་བྱེད་པ་དང་། འོག་ཏུ་ངང་གིས་འགྲོ་ཞིང་སྟེང་དུ་འབད་ནས་དྲང་བར་བྱ་དགོས་པ་དང་། ཆུའི་སྔ་ཕྱི་བར་གསུམ་གྱི་རིམ་པའི་ངེས་པ་མི་ཟིན་པ་དང་། ཉི་མ་རེ་རེ་ཞིང་འཆག་པར་
འགྱུར་བ་ལྟར། འགྲོ་བ་འདི་དག་ལས་ཉོན་གྱིས་ཆེས་བསྡམས་པ་དང་། རྣམ་ཤེས་བསྐྱོད་པའི་གཞན་དབང་ལ་རག་ལས་པ་དང་། སྲིད་རྩེ་ནས་མནར་མེད་བར་འཕྱན་པར་བྱེད་པ་དང་། ངན་སོང་ལ་ཐུར་དུ་ངང་གིས་འཇུག་ཅིང་ལྷ་མིར་གྱེན་དུ་འབད་
པས་དྲང་བར་བྱ་དགོས་པ་དང་། ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཉོན་མོངས་པའི་རྟེན་འབྲེལ་གྱི་སྔ་ཕྱི་བར་གསུམ་གྱི་རིམ་པ་ངེས་པ་མི་ཟིན་པ་དང་། ཉི་མ་རེ་རེ་ཞིང་སྡུག་བསྔལ་གསུམ་གྱིས་བཙོག་པར་བྱེད་པ་ན་སྐྱེ་བོ་འཁོར་བའི་དཔེའོ། །དེ་ལྟའི་འགྲོ་
བ་སྡུག་བསྔལ་བ་ལ་སྙིང་རྗེས་སྐྱོབ་པར་སྤྲོ་བ་ཉིད་ཀྱིས་དང་པོར་བྱང་སེམས་སེམས་ཅན་ལ་དམིགས་པའི་ཞེ་སྡང་གི་དགྲ་མེད་པའི་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོར་གྱུར་པ་གང་ཡིན་པ་དེ་ལ་འདུད་དོ་ཞེས་སྙིང་རྗེ་དང་དེ་ལྡན་གྱི་སེམས་དཔའ་གཉིས་
ཀར་བསྟོད་པའོ། །<head n="6" t="དམིགས་མེད་ལ་དམིགས་པའི་སྙིང་རྗེ་ལ་བསྟོད་པ།"/>གཉིས་པ་ནི། །དཔེར་ན་ཆུ་ཤིན་ཏུ་དྭང་བ་རླུང་དྲག་པོ་མིན་པའི་ཤུགས་ཀྱིས་བསྐྱོད་པར་ཟླ་བའི་གཟུགས་བརྙན་འཆར་བ་འཆར་གཞི་དང་ལྷན་ཅིག་ཟླ་བ་དངོས་ལྟ་བུའི་མངོན་སུམ་ལྟར་སྣང་བ་ན། རྒན་པོས་ཟླ་བའི་གཟུགས་བརྙན་དང་།
དེའི་དམིགས་རྟེན་གྱི་ཡུལ་ཆུ་དང་བཅས་པ་སྐད་ཅིག་རེར་མི་རྟག་པ་དང་། ཟླ་བ་རང་བཞིན་གྱིས་སྟོང་པར་ཤེས་པ་འབྱུང་བ་ནི་དཔེའོ། །དེ་སླར་དཔེ་དོན་དུ་སྦྱོར་ན། འཇིག་ལྟའི་མཚོར་མ་རིག་པའི་ཆུ་སྔོན་རྒྱ་ཆེན་པོར་ཚུལ་མིན་རྟོག་རླུང་གིས་གཡོ་བའི་ནང་
<pb id="1-1-42a"/>
གི་རྟེན་ལ་འགྲོ་བ་སྟེ། སེམས་ཅན་ནམ་གང་ཟག་ནི་སྔོན་ལས་ཀྱི་རྟེན་འབྲེལ་ལས་ཟླ་བའི་གཟུགས་བརྙན་ལྟར་མདུན་དུ་སྣང་བ་ན། སེམས་དཔའ་སྙིང་རྗེའི་གཞན་དབང་ཅན་དག་གིས་མདུན་དུ་སྣང་བའི་ལས་ཉོན་ལ་བརྟེན་པའི་འགྲོ་བ་དེ་ནི་
སྐད་ཅིག་རེར་མི་རྟག་པས་སྡུག་བསྔལ་བ་ཅན་གྱི་གཡོ་བ་དང་། དེ་ལྟའི་ཆོས་དེ་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བའི་ཚེ་ན། གཡོ་བའི་སྡུག་བསྔལ་འཇོམས་བྱེད་དམ་ཆོས་བདུད་རྩིའི་རྒྱུ་ཕྱིན་ལོག་གི་རྟོག་པ་མ་ལུས་པ་དང་བྲལ་བ། འགྲོ་བ་ཀུན་གྱི་གཉེན་
གཅིག་པུ་སངས་རྒྱས་ཉིད་ཐོབ་པར་འདོད་པར་འགྱུར་རོ། །དེ་ལྟ་བུའི་བཅོམ་ལྡན་འདས་སྙིང་རྗེར་གྱུར་གང་དེ་ལ་འདུད་དོ་ཞེས་སྦྱར་རོ། །<head n="4" t="བརྩམ་བྱ་བསྟན་བཅོས་ཀྱི་རང་བཞིན་རྒྱས་པར་བཤད་པ།"/>གཉིས་པ་ལ། རྒྱུ་བྱང་ཆུབ་སེམས་དཔའི་ས་དང་། འབྲས་བུ་སངས་རྒྱས་ཀྱི་ས་བཤད་པའོ། །<head n="5" t="རྒྱུ་བྱང་ཆུབ་སེམས་དཔའི་ས་བཤད་པ།"/>དང་པོ་ལ། ས་བཅུ་དངོས་
དང་། དེ་དག་གི་ཡོན་ཏན་བཤད་པ་གཉིས། <head n="6" t="ས་བཅུ་དངོས་བཤད་པ།"/>དང་པོ་ལ། རབ་ཏུ་དགའ་བ། དྲི་མ་མེད་པ། འོད་བྱེད་པ། འོད་འཕྲོ་བ། སྦྱང་དཀའ་བ། མངོན་དུ་གྱུར་པ། རིང་དུ་སོང་བ། མི་གཡོ་བ། ལེགས་པའི་བློ་གྲོས། ཆོས་ཀྱི་སྤྲིན་བཤད་པའོ། །<head n="7" t="ས་དང་པོ་རབ་ཏུ་དགའ་བ་བཤད་པ།"/>དང་པོ་ལ།
ཁྱད་གཞི་སའི་ངོ་བོ་མདོར་བསྟན། ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་གསུམ། <head n="8" t="ཁྱད་གཞི་སའི་ངོ་བོ་མདོར་བསྟན།"/>དང་པོ་ནི། སེམས་དཔའ་དག་གི་ཟག་མེད་ཀྱི་ཡེ་ཤེས་སྙིང་རྗེ་ལ་སོགས་པའི་ཐབས་ཀྱིས་ཟིན་པ་ཉིད་ཆ་ཤས་སུ་ཕྱེ་བ་
ནི་ས་ཞེས་བརྗོད་དེ། ཡོན་ཏན་གྱི་རྟེན་ནམ་གནས་སུ་གྱུར་པའི་ཕྱིར། རྟེན་ལ་སར་འཇིག་རྟེན་དུ་གྲགས་པ་བཞིན་ནོ། །ས་རྣམས་རང་གི་ངོ་བོ་དབྱེར་ཡོད་པ་མ་ཡིན་ཏེ། སྟོང་ཉིད་རྟོགས་པའི་ཟག་མེད་ཀྱི་ཤེས་རབ་ཏུ་ཁྱད་མེད་པའི་ཕྱིར། ཇི་སྐད་དུ། ཇི་
<pb id="1-1-42b"/>
ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཅིང་མི་མཐོང་བ། །དེ་ལྟར་རྒྱལ་བའི་སྲས་ཀྱི་ས་ཀུན་ཀྱང་། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཞེས་སོ། །དེས་ན་སའི་དབྱེ་བ་ནི། ས་དེར་བརྟེན་གྱི་ཡོན་ཏན་གྱི་གྲངས་གོང་དུ་
འགྱུར་བའི་ཁྱད་པར་དང་། རྫུ་འཕྲུལ་སོགས་ཀྱི་མཐུ་དང་། སྦྱིན་སོགས་ཕྱིན་དྲུག་དག་གི་ཀླགས་པ་དང་། རྣམ་པར་སྨིན་པ་འཕེལ་བས་ལུས་ལེན་ཚུལ་སོགས་ཀྱིས་ཕྱེ་བ་ཡིན་ཏེ། རྣམ་པར་སྨིན་པ་ནི་ས་ཐོབ་པ་ན་དེའི་ལུས་སོགས་ཟག་མེད་ཀྱི་དགེ་འབྲས་ཡིན་ན་
དེ་རྣམ་སྨིན་གྱི་འབྲས་བུར་ཇི་ལྟར་འཇོག་རིགས་ཏེ། རྣམ་སྨིན་གྱི་འབྲས་བུ་ནི་མི་དགེ་བ་དང་དགེ་བ་ཟག་བཅས་ཁོ་ན་ལ་ཡོད་པའི་ཕྱིར་སྙམ་ན། བཀའ་གདམས་ཀྱི་ཡིག་རྙིང་ལ་ལར། འཕགས་པ་ལ་ཉོན་སྒྲིབ་ཀྱི་ཟག་བཅས་ཀྱི་དགེ་བའི་རྣམ་སྨིན་གྱི་འབྲས་
བུ་ཡོད་པས་དེ་ལ་རྣམ་སྨིན་གྱི་འབྲས་བུར་འཇོག་པ་ཡིན་ཅེས་བྱ་བ་བྲིས་འདུག །ས་དང་པོ་ནས་བཅུ་པའི་བར་འཛམ་བུའི་གླིང་དང་། སུམ་རྩེན་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། སྟོང་གི་གནས་དང་། སྟོང་
གཉིས་ཀྱི་གནས་དང་། སྟོང་གསུམ་གྱི་གནས་དང་། འོག་མིན་གྱི་གནས་དག་གི་རྒྱལ་པོར་གྱུར་ནས་སེམས་ཅན་གྱི་དོན་ལ་བྱ་བ་རྒྱ་ཇེ་ཆེར་འགྱུར་བའི་ཕྱིར། དེས་ན་སེམས་དཔའ་དག་གི་རབ་དགའ་ནི་སེམས་བསྐྱེད་དང་པོ་ཡིན་ལ། ཆོས་སྤྲིན་ནི་སེམས་
བསྐྱེད་བཅུ་པའོ། །རྒྱལ་བའི་སྲས་པོ་སེམས་དང་པོ་བསྐྱེད་པ་འདིའི་བྱང་སེམས་གང་གིས་འགྲོ་བ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་དམིགས་མེད་ཀྱི་སྙིང་རྗེའི་གཞན་དབང་དུ་གྱུར་ཅིང་། བྱང་སེམས་ཀུན་ཏུ་བཟང་པོའི་སྨོན་པའི་སྨོན་ལམ་གྱིས་རབ་
<pb id="1-1-43a"/>
ཏུ་བསྔོས་པའི་དགའ་བ་ལ་རབ་ཏུ་གནས་པ་འདི་ནི་གཉིས་མེད་ཀྱི་བློའི་རྒྱུ་ཅན་གྱི་འབྲས་བུ་མཚོན་པའི་སེམས་བསྐྱེད་དང་པོ་ཞེས་བྱའོ། །སེམས་དཔའ་དེའི་སྨོན་ལམ་ནི། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་
པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོར་སྤྱོད་པ་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་མ་ལུས་བདག་གིས་རྫོགས་པར་བགྱི། །ཞེས་སོགས་ཀྱི་སྨོན་ལམ་ཆེན་པོ་བཅུ་སོགས་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་པོ་ས་དང་པོར་འདེབས་པ་དག་གོ། །
མོས་སྤྱོད་ཀྱི་སེམས་དཔའ་སེམས་བསྐྱེད་དང་པོ་སྐྱེས་པའི་སེམས་དཔའ་མ་ཡིན་ཏེ། ཉན་ཐོས་ཀྱི་ངེས་འབྱེད་འབྲས་བུ་ལ་མ་ཞུགས་པ་དང་འདྲ་བའི་ཕྱིར། མདོ་ལས། མོས་པ་ཆེན་པོའི་ཡང་ཆེན་པོས་སྤྱོད་པའི་ཆོས་ཉིད་ཀྱིས་ས་དང་པོ་དེ་མ་ཐག་ཏུ་ཐོབ་པར་གནས་
པ་འདི་ནི་བྱང་ཆུབ་ཀྱི་སེམས་མ་སྐྱེས་པའི་སའོ། །ཞེས་དང་། མོས་སྤྱོད་པ་དེ་ལ་དགོངས་ནས་དེར། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་མིའི་ཁ་དོག་ལས་ནི་འདས་ལ། ལྷའི་ཁ་དོག་ནི་མ་ཐོབ་པ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་
སེམས་དཔའ་ཡང་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་ནི་ཤིན་ཏུ་འདས་ལ། དོན་དམ་པའི་བྱང་ཆུབ་སེམས་པའི་ས་ནི་མ་ཐོབ་པ་ཡིན་ནོ། །ཞེས་སོ། ། <head n="8" t="ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད།"/>གཉིས་པ་ལ། ཁྱད་ཆོས་ཀྱི་ཡོན་ཏན་གཞན་དང་། གཙོ་བོ་སྦྱིན་པའི་
ཕར་ཕྱིན་བཤད་པ་གཉིས། <head n="9" t="ཁྱད་ཆོས་ཀྱི་ཡོན་ཏན་གཞན།"/>དང་པོ་ལ། མིང་ཁྱད་པར་ཅན་ཐོབ་པའི་ཡོན་ཏན་དང་། དོན་ཁྱད་པར་ཅན་ཐོབ་པའི་ཡོན་ཏན་གཉིས། <head n="10" t="མིང་ཁྱད་པར་ཅན་ཐོབ་པའི་ཡོན་ཏན།"/>དང་པོ་ནི། ས་རབ་དགར་ཞུགས་པར་གྱུར་པ་དེ་ནས་བཟུང་སྟེ་རྒྱལ་སྲས་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྒྲ་ཁོ་ན་ཉིད་
<pb id="1-1-43b"/>
ཀྱིས་བསྙད་པར་བྱ་བ་ལས་སོ་སྐྱེ་སོགས་ཀྱི་མིང་གིས་བསྙད་བྱ་མ་ཡིན་ཏེ། དེའི་ཚེ་དེ་འཕགས་པ་ཡིན་པའི་ཕྱིར་དང་། དེར་འཇོག་བྱེད་ཀྱི་གཙོ་བོ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་ཐོབ་པར་གྱུར་པ་ཡིས་ཕྱིར་ཏེ། བཅོམ་ལྡན་འདས་མར།
བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་རྗེས་སུ་རྟོགས་པའི་སེམས་དཔའི་ཚིག་བླ་དྭགས་ཏེ། གང་གིས་ཆོས་ཐམས་ཅད་རྗེས་སུ་རྟོགས་ཤིང་ཤེས་པའོ། །ཇི་ལྟར་ཤེས་ཞེ་ན། མ་བྱུང་བ་དང་། ཡང་དག་པར་མ་བྱུང་བ་དང་། ལོག་པ་དང་། དེ་དག་ཇི་ལྟར་
བྱིས་པ་སོ་སོ་སྐྱེ་བོས་བརྟགས་པ་དེ་ལྟར་མ་ཡིན་པ་དང་། ཇི་ལྟར་བྱིས་པ་སོ་སོ་སྐྱེ་བོས་རྙེད་པ་དེ་ལྟར་མ་ཡིན་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་རྣམ་པར་མ་བརྟགས་པའོ། །བྱང་ཆུབ་ནི་མ་བསྒྲུབ་པའོ། །
བྱང་ཆུབ་ནི་དམིགས་པ་མེད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་གཤེགས་པས་ནི་བྱང་ཆུབ་བརྙེས་པ་མེད་དེ། ཆོས་ཐམས་ཅད་མ་བརྙེས་པའི་ཕྱིར། ཆོས་ཐམས་ཅད་མ་དམིགས་པའི་ཕྱིར་བྱང་ཆུབ་ཅེས་བྱ་སྟེ། དེ་ལྟ་བུ་ནི་སངས་རྒྱས་
ཀྱི་བྱང་ཆུབ་ཅེས་བྱའི། ཇི་སྐད་དུ་བརྗོད་པ་ནི་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་དག་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སེམས་འདི་བྱང་ཆུབ་ཏུ་བསྐྱེད་པར་བྱའོ། །གང་དུ་བདག་ཅག་གིས་སེམས་བསྐྱེད་པར་བྱ་བའི་བྱང་ཆུབ་དེ་ནི་
ཡོད་དོ་ཞེས་བྱང་ཆུབ་ཏུ་རློམ་སེམས་བྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཞེས་མི་བྱའི། དེ་དག་ནི་སྐྱེ་བར་སེམས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེ་བ་ལ་མངོན་པར་ཞེན། སེམས་སུ་མངོན་པར་ཞེན། བྱང་ཆུབ་ཏུ་མངོན་པར་ཞེན། ཅེས་
<pb id="1-1-44a"/>
སོགས་དང་། ཡང་བྱང་ཆུབ་ནི་མཚན་ཉིད་མེད་པ་སྟེ། མཚན་ཉིད་ཀྱི་རང་བཞིན་དང་བྲལ་བའོ། །གང་གིས་འདི་ལྟར་རྗེས་སུ་རྟོགས་པ་དེ་ནི་བྱང་ཆུབ་ཅེས་བྱའོ། །ཡང་ཇི་སྐད་བརྗོད་པ་ནི་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་
གནོན་པ། ཆོས་དེ་རྣམས་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་ལ་ལ་ཞིག་ཆོས་འདི་མ་ཤེས་ཤིང་རྗེས་སུ་མ་རྟོགས་བཞིན་དུ་བདག་ཉིད་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་སྙམ་དུ་ཤེས་
པ་དེ་ནི་བྱང་ཆུབ་སེམས་དཔའི་ས་ལས་རིང་བ་ཡིན་ཅིང་། དེ་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལས་རིང་བ་ཡིན་ནོ། །དེ་བཞིན་དུ་དེ་ནི་བྱང་ཆུབ་སེམས་དཔའི་མིང་གིས་ལྷ་དང་མི་དང་ལྷ་མ་ཡིན་གྱི་འཇིག་རྟེན་བསླུ་བ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་
གནོན་པ། དེ་ཚིག་ཙམ་གྱིས་བྱང་ཆུབ་སེམས་དཔར་འགྱུར་ན་ནི་དེ་བས་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི་ངག་གི་ལས་ཙམ་མ་ཡིན་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་
སའོ། །ཞེས་འབྱུང་བའི་མདོའི་དོན་ནི། འཁོར་གསུམ་དུ་རྟོག་པ་དང་། དངོས་པོ་ལ་མངོན་པར་ཞེན་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་བཅས་པ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་པར་གསུངས་ཤིང་། དེའང་སོ་སོ་སྐྱེ་བོར་གྱུར་པའི་བྱང་ཆུབ་སེམས་
དཔའ་ཞེས་པའི་སྒྲའི་བཤད་འཇུག་གཏན་འགོག་པ་མིན་ཏེ། སྨོན་པ་དང་འཇུག་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དེ་ཁོ་ན་ཉིད་དོན་དམ་བདེན་པ་ལ་མོས་པ་ཡིད་བྱེད་ཀྱི་བྱང་ཆུབ་ཀྱི་སེམས་ནི་དེ་དག་ལའང་ཡོད་པའི་ཕྱིར། དེ་ལྟར་ནའང་ཁོང་དུ་ཆུད་
<pb id="1-1-44b"/>
བྱ་བདེན་པ་གཉིས་མི་རྟོག་ཡེ་ཤེས་ཀྱིས་མངོན་སུམ་དུ་བྱས་ནས་དེ་ལ་སྒྲོ་སྐུར་གྱི་མཚན་མ་བྱང་བར་བྱས་པའི་སེམས་སེམས་བྱུང་ནི་འཕགས་པ་ཁོ་ན་ལ་མངའ་བའི་ཕྱིར། སྒྲ་བཤད་འཇུག་དོན་མཐུན་ཡོངས་རྫོགས་ཀྱི་བྱང་ཆུབ་སེམས་དཔའ་ནི་ས་ཐོབ་ཉིད་
ལ་འཇོག་སྟེ། དོན་གྱི་དབང་འདིས་ནི། རྒྱུད་བླར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་དང་། མདོ་རྒྱན་དང་ཐེག་བསྡུས་ལས། བྱིས་
པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མ་ཡིན་ཀུན་ཏུ་སྣང་། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང་། །ཞེས་སོ་སྐྱེ་ལ་བྱང་སེམས་ཀྱི་སྒྲ་དམིགས་ཀྱིས་བཀར་ནས་འདོགས་པར་མ་མཛད་ལ། མདོ་དང་མངོན་རྟོགས་
རྒྱན་ལས། མངོན་པར་རྟོགས་བྱ་ལམ་ཤེས་ཉིད་ཀྱིས་སེམས་དཔར་འཇོག་པར་མཛད་ནས། སྦྱོར་ལམ་ནི་ལམ་ཤེས་ཀྱི་རྒྱུར་བཞག་པ་ཡིན་ཏེ། ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ། །ཞེས་འབྱུང་བའི་ཕྱིར། སྦྱོར་ལམ་པ་ལམ་ཤེས་ཀྱི་མངོན་རྟོགས་ལྡན་
ཆ་ནས་སེམས་དཔར་མི་འཇོག་པ་དང་། གཞན་ཡང་མདོ་རྒྱན་སོགས་ལས་ཕྱིན་དྲུག་གི་ཡོན་ཏན་དང་ལྡན་ཆ་ནས་སེམས་དཔར་འཇོག་པ་དང་། བྱང་ཆུབ་སེམས་དཔའི་མཚན་གྱི་ངེས་ཚིག་མི་འཁྲུལ་པར་སྟོན་པའི་ཆ་ནས་ཀྱང་ཐེག་ཆེན་འཕགས་པ་ཁོ་
ན་ལ་བྱང་ཆུབ་སེམས་དཔའ་ཞེས་སྒྲ་སྦྱོར་ལ། སོ་སྐྱེ་ནི་དེ་ལྟར་མ་ཡིན་པར་ཤེས་པར་བྱའོ། །ཁ་ཅིག་སྤྱིར་སོ་སྐྱེའི་ས་ན་ལམ་དང་ལམ་བདེན་མཚན་ཉིད་པ་མེད་ཅེས་སྨྲ་མོད། ལམ་བདེན་མེད་པ་བདེན་ཆུག །གཞན་དུ་ཚོགས་སྦྱོར་གྱི་ལམ་ལམ་
<pb id="1-1-45a"/>
མ་ཡིན་པར་འགྱུར་རོ། །<head n="10" t="དོན་ཁྱད་པར་ཅན་ཐོབ་པའི་ཡོན་ཏན།"/>གཉིས་པ་ལ། དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་སོགས་ཀྱི་ཡོན་ཏན། ས་གོང་མ་གནོན་པར་བྱེད་པ་སོགས་ཀྱི་ཡོན་ཏན། འཕགས་པ་གཞན་བསོད་ནམས་ཀྱི་ཟིལ་གྱིས་གནོན་པའི་ཡོན་ཏན་ནོ། །
<head n="11" t="དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་སོགས་ཀྱི་ཡོན་ཏན།"/>དང་པོ་ནི། སེམས་བསྐྱེད་དང་པོ་འདི་སྐྱེས་པ་ན་སེམས་དཔའི་སྒྲར་བརྗོད་པར་མ་ཟད། སེམས་དཔའ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་ཡིན་ཏེ། སོ་སྐྱེ་དང་ཉན་རང་གི་ས་ལས་འདས་ཤིང་སངས་རྒྱས་ཀྱི་སར་འགྲོ་བའི་ས་དང་
ལམ་སྐྱེས་པའི་ཕྱིར། དེ་ལྟར་ནའང་སྤྱིར་དེ་བཞིན་གཤེགས་པའི་རིགས་ལ་འདིར་ནི་ཉེ་རྒྱུའི་དབང་དུ་བྱས་པའི་རིགས་ཡིན་ལ། རིང་རྒྱུའི་དབང་དུ་བྱས་པའི་རིགས་ནི་བརྡ་བྱུང་གི་སེམས་དང་པོ་སྐྱེས་པ་ནས་འཇོག་སྟེ། སློབ་དཔོན་ཞི་བ་ལྷས། དེ་རིང་
སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་འབྱུང་བའི་ཕྱིར། དེ་ཚེ་སེམས་དཔའ་འདི་ཡིས་འཇིག་ལྟ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ཀུན་ཏུ་སྦྱོར་བ་གསུམ་པོ་ཐམས་ཅད་སྤངས་པར་གྱུར་ནས་
སླར་མི་སྐྱེ་བ་ཡིན་ཏེ། གང་ཟག་གི་བདག་མེད་མངོན་དུ་བྱས་པའི་ཕྱིར་དང་། དེ་ཉིད་མ་མཐོང་ན་བདག་ཏུ་སྒྲོ་འདོགས་པ་ལས་འཇིག་ལྟར་འགྱུར་ཞིང་། དེ་བཞིན་དུ་ཐེ་ཚོམ་གྱིས་ཀྱང་ལམ་གཞན་དུ་འགྲོ་བར་བྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་
དེ་ནི་འཇིག་རྟེན་ལས་འདས་པའི་དགའ་བ་མཆོག་ཏུ་གྱུར་པ་འཆང་ཞིང་བསྲེལ་བ་ཡིན་ཏེ། ངེས་པ་ལ་ཞུགས་པ་ཉིད་ཀྱི་ཡོན་ཏན་ཐོབ་པ་དང་། སའི་མི་མཐུན་ཕྱོགས་ཀྱི་སྐྱོན་སྤངས་པས་ཐུན་མོང་མིན་པའི་དགའ་བའི་ཁྱད་པར་ཆེས་མང་བ་སྐྱེ་བའི་ཕྱིར། ས་
<pb id="1-1-45b"/>
འདི་རབ་དགར་ཡང་བརྗོད་དེ། རབ་དགའ་ཁྱད་འཕགས་ཡོད་པའི་ཕྱིར། འདིར་འཇིག་རྟེན་གྱི་ཁམས་བརྒྱ་ཀུན་ནས་གཡོ་བར་ནུས་པར་གྱུར་པའང་ཡིན་ཏེ། དེས་མཚོན་པའི་ཡོན་ཏན་སྟོང་ཉིས་བརྒྱ་པོའང་དེར་ཐོབ་པའི་ཕྱིར། <head n="11" t="ས་གོང་མ་གནོན་པར་བྱེད་པ་སོགས་ཀྱི་ཡོན་ཏན།"/>གཉིས་པ་ནི། །འདིས་ནི་ས་
འོག་མ་ནས་ས་གོང་མར་གནོན་པར་བྱེད་ཅིང་། གོང་ནས་གོང་མར་རབ་ཏུ་འགྲོ་བར་འགྱུར་ཏེ། རང་གི་ཁོང་དུ་ཆུད་པའི་ཆོས་ལ་གོམས་པས་ས་གཉིས་པ་སོགས་གནོན་པར་སྤྲོ་བ་ཆེ་བའི་ཕྱིར། དེའི་ཚེ་འདིའི་རྒྱུད་ལས་དབང་གིས་ངན་འགྲོར་འགྲོ་བའི་ལམ་
རྣམས་མཐའ་དག་འགག་པར་འགྱུར་ཏེ། མི་དགེ་བ་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར། དེ་བཞིན་དུ་བུད་མེད་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་དང་སྒོ་ང་དང་དྲོད་གཤེར་དང་མི་ཁོམ་པ་རྣམས་སུ་ལས་ཀྱིས་མི་སྐྱེའོ། །དེ་ཚེ་འདི་ཡི་འདུ་ཤེས་
མེད་པ་དང་། བྱང་སྒྲ་མི་སྙན་དང་ཚངས་པ་ཆེན་པོ་སོགས་མངོན་ཞེན་ཅན་གྱི་སོ་སོ་སྐྱེ་བོའི་ས་རྣམས་ཐམས་ཅད་ཟད་དེ། བདེན་པ་མངོན་སུམ་དུ་མཐོང་བའི་ཕྱིར། མདོར་ན་བྱང་སེམས་འདི་ནི་འཕགས་པ་བརྒྱད་པ་རྒྱུན་དུ་ཞུགས་པ་རང་དང་རྗེས་
མཐུན་གྱི་འཕགས་ཆོས་རྟོགས་པས་སྐྱོན་དང་བྲལ་ཞིང་ཡོན་ཏན་འབྱུང་བ་བཞིན་འདིའང་སའི་རྟོགས་པ་ལས་རང་འཚམ་གྱི་ཡོན་ཏན་འབྱུང་བ་དང་སྐྱོན་ཟད་པ་བརྒྱད་པ་བ་ཇི་ལྟ་བ་དེ་ལྟར་དཔེས་ཉེ་བར་བསྟན་ཏོ། །འདིར་རྒྱུན་དུ་ཞུགས་པ་ནི་བརྒྱད་
པར་མི་འཐད་དེ། བརྒྱད་པ་ནི་རྒྱུན་ཞུགས་ཞུགས་པ་ཡིན་པའི་ཕྱིར་སྙམ་ན། སྐྱོན་མེད་དེ། གང་ཟག་ཟུང་བཞི་དང་ཡ་བརྒྱད་ཀྱི་དབང་དུ་བྱས་པའི་བརྒྱད་པ་དེ་ཟུང་བཞི་པོ་གང་དུ་འདྲེན་ན། རྒྱུན་ཞུགས་ཞུགས་པ་དང་འབྲས་གནས་གཉིས་ཀ་
<pb id="1-1-46a"/>
རྒྱུན་དུ་ཞུགས་པའི་གང་ཟག་ཏུ་འདྲེན་པའི་ཕྱིར། འདིའི་བརྒྱད་པ་ཉན་ཐོས་མཐོང་ལམ་པ་ཉིད་ཀྱི་ཡོན་ཏན་ལ་དཔེ་བྱས་པ་ཡིན་པས་ཐ་སྙད་གང་བྱས་ཀྱང་བདེ་ལ། རྒྱུན་ཞུགས་ཞུགས་པ་དང་འབྲས་གནས་ཀྱི་འཕགས་པའི་གང་ཟག་
གཉིས་སུ་འབྱེད་པའང་སློབ་དཔོན་འདིའི་ལུགས་སུ་བཞག་དཀའ་སྟེ། སྦྱོར་ལམ་པ་འབྲས་བུ་དང་པོ་ལ་ཞུགས་པ་མིན་པར་སྔར་བཤད་ཅིང་། མཐོང་ལམ་སྐད་ཅིག་དུ་མ་མི་བཞེད་པའི་ཕྱིར་དཔྱད་པར་བྱ་བའི་གནས་སོ། །<head n="11" t="འཕགས་པ་གཞན་བསོད་ནམས་ཀྱི་ཟིལ་གྱིས་གནོན་པའི་ཡོན་ཏན།"/>གསུམ་པ་ལ། ས་དང་པོ་ནས་
སེམས་བསྐྱེད་དང་སྙིང་རྗེ་ལྷག་བསམ་གྱིས་དང་། བདུན་པ་ནས་བློའི་སྟོབས་ཀྱིས་ཀྱང་ཉན་རང་ཟིལ་གྱིས་གནོན་ནུས་པའོ། །<head n="12" t="ས་དང་པོ་ནས་སེམས་བསྐྱེད་དང་སྙིང་རྗེ་ལྷག་བསམ་གྱིས་གནོན་ནུས་པ།"/>དང་པོ་ནི། ཐུབ་དབང་གསུང་ལས་སྐྱེས་པ་ཉན་ཐོས་དང་བཅས་རང་སངས་རྒྱས་རྣམས་ནི་དོན་དམ་ཁོང་དུ་ཆུད་པའི་རྫོགས་
པའི་བྱང་ཆུབ་ཀྱི་སེམས་ཀྱི་ལྟ་བས་ཆོས་ཀྱི་དབྱིངས་ཀྱི་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་གྱི་ཆེད་དུ་ཕན་བདེ་སྒྲུབ་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་འདོད་ཀྱི་ལྷག་བསམ་དག་པའི་བསོད་ནམས་དག་གི་དབང་གིས་ཟིལ་
གྱིས་མནན་ནས་ཕམ་པར་བྱས་པས་བྱང་སེམས་དེ་ལ་སླར་ཡང་བསོད་ནམས་རྣམ་པར་འཕེལ་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་བུ་སྐྱེས་ནས་རིང་པོར་མ་ལོན་པ་རྒྱལ་པོའི་མཚན་དང་ལྡན་པས་ནི། བློན་
པོའི་ཚོགས་རྒན་པོ་གཙོ་བོར་གྱུར་པ་ཐམས་ཅད་ཀྱང་རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོར་མ་ལོན་པ་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་
<pb id="1-1-46b"/>
པོའི་རིགས་སུ་སྐྱེས་པས་ཀྱང་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་སྐྱེས་
ནས་རིང་པོར་མ་ལོན་པའི་གཤོག་པའི་རླུང་གི་ཤུགས་དང་། མིག་ཡོངས་སུ་དག་པའི་ཡོན་ཏན་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་བྱའི་ཚོགས་མ་ལུས་པ་རྒས་པར་གྱུར་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་
ཏུ་སེམས་དང་པོ་བསྐྱེད་པ་དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་གི་དབང་པོའི་རིགས་རྒྱུད་དུ་ཡང་དག་པར་བྱུང་བ་ནམ་མཁའ་ལྡིང་གི་དབང་པོའི་ཕྲུ་གུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གཤོག་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་དང་། ལྷག་པའི་
བསམ་པ་ཡོངས་སུ་དག་པའི་མིག་གི་ཡོན་ཏན་གང་ཡིན་པ་དེ་ནི་བསྐལ་པ་བརྒྱ་སྟོང་དུ་ངེས་པར་འབྱུང་བའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །ལུང་འདི་སློབ་དཔོན་ཨ་བྷ་ཡ་དང་། ཛ་ཡ་ཨཱ་ནནྡས་བརྡ་བྱུང་
གི་སེམས་དང་པོ་བསྐྱེད་པ་ལ་སྦྱོར་མོད། དེའི་ཚེ་ན་སློབ་དཔོན་འདིའི་བཞེད་པ་དང་མཐའ་གཅིག་ཏུ་མི་མཐུན་པའང་མ་ཡིན་ཏེ། དེར་སྦྱོར་མི་རུང་བའང་མ་ཡིན་པའི་ཕྱིར་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་བསོད་ནམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་
པའི་ཉན་རང་གི་བསོད་ནམས་གང་གིས་ཀྱང་བསྒྲུན་དུ་མེད་པའི་ཕྱིར། <head n="12" t="བདུན་པ་ནས་བློའི་སྟོབས་ཀྱིས་ཀྱང་ཉན་རང་ཟིལ་གྱིས་གནོན་ནུས་པ།"/>གཉིས་པ་ནི། །སེམས་དང་པོ་སྐྱེས་པ་དེ་ནི་སེམས་བསྐྱེད་བདུན་པ་རིང་དུ་སོང་བའི་སར་འཁོད་པ་ན་ཉན་རང་ཀུན་རྫོབ་བྱང་སེམས་ཀྱི་བློས་གནོན་པར་མ་ཟད། དོན་དམ་བྱང་སེམས་ཀྱི་བློའི་
<pb id="1-1-47a"/>
ཆ་ནས་ཀྱང་གནོན་པས་བདེན་གཉིས་རྟོགས་པའི་ཤེས་རབ་ཆེས་ལྷག་པར་འགྱུར་ཏེ། ས་དེར་ཐབས་ཀྱི་ཕར་ཕྱིན་ཐོབ་པས་སེམས་ཀྱི་སྐད་ཅིག་རེ་རེ་ཞིང་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་བའི་ཕྱིར་དང་། རང་ཡུལ་ཆོས་དབྱིངས་
མདོ་སྡེ་སོགས་མཚན་མ་ལ་དམིགས་ནས་ཁོང་དུ་ཆུད་པ་མིན་པར་མཚན་མ་དང་བྲལ་བར་ཇི་ལྟ་བར་ཡོངས་སུ་ཤེས་པའི་ཆེ་བ་ལ་གནས་པའི་ཕྱིར། ཕྱོགས་ཆོས་འདི་ནི་ཉན་རང་དང་ས་འོག་མ་དག་ལ་ཡོད་པ་མིན་ཏེ། ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་
སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི་སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་
གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་བསྐྱེད་པས་བློན་པོའི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་
ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་
ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ་ཞེས་གསུངས་སོ། །ལུང་འདིས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་སྟོན་ཏེ། དེར་རིགས་པ་གསུམ་དང་ལུང་བདུན་གྱིས་བསྒྲུབ་པའི་ཕྱིར། དེ་ལ་རིགས་པ་དང་པོ་ནི། ཉན་རང་དེ་དག་ཆོས་
<pb id="1-1-47b"/>
ཅན། སེམས་དང་པོ་བསྐྱེད་པའི་སེམས་དཔས་ཀྱང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པར་ཐལ། དངོས་པོ་རང་བཞིན་མེད་པར་ཡོངས་སུ་མི་ཤེས་པའི་ཕྱིར། འཇིག་རྟེན་པའི་ཆགས་བྲལ་བཞིན། རྟགས་ཁས་བླངས། ཁྱབ་པ་གྲུབ། འདོད་ན་
ས་བཅུ་པའི་ལུང་དང་འགལ། རིགས་པ་གཉིས་པ་ནི། ཉན་རང་དེ་དག་ཆོས་ཅན། ཁམས་གསུམ་གྱི་ཕྲ་རྒྱས་ཐམས་ཅད་མ་སྤངས་པར་ཐལ། གཟུགས་སོགས་རང་གི་ངོ་བོ་གྲུབ་བདེན་དུ་དམིགས་ནས་ཕྱིན་ཅི་ལོག་གི་བློ་ཉོན་མོངས་པ་ཅན་དུ་གྱུར་པའི་
ཕྱིར། ཕྱི་རོལ་པའི་ཆགས་བྲལ་བཞིན། རིགས་པ་གསུམ་པ་ནི། ཕུང་པོ་ལ་མི་རྟག་པ་དང་བདག་མེད་སོགས་ཀྱི་དངོས་པོར་ཞེན་པའི་ཉན་རང་ཆོས་ཅན། གང་ཟག་གི་བདག་མེད་རྟོགས་པར་ཡང་མི་འགྱུར་བར་ཐལ། བདག་ཏུ་གདགས་པ་སྟེ་བཞག་
པའི་རྒྱུ་ཕུང་པོ་ལ་དམིགས་པའི་ལྟ་བ་ཅན་ཡིན་པའི་ཕྱིར། དཔེར་ན་ཤིང་རྟའི་ཡན་ལག་འཁོར་ལོ་སོགས་ལ་བདེན་ཞེན་མ་བཟློག་ན། དེ་འདུས་ཀྱི་ཡན་ལག་ཅན་ཤིང་རྟ་ལ་བདེན་ཞེན་མི་བཟློག་པ་བཞིན་ནོ། །ཕྱོགས་ཆོས་ཁས་བླངས། ཚུལ་བསྒྲུབ་པ་
ནི། ཕུང་པོ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་རྫས་སོགས་སུ་ལྟ་བས་ནི་ཆོས་ཅན་ཕུང་པོ་ལ་བདག་ཏུ་འཛིན་པ་དང་། དེའི་རྒྱུ་ཅན་ཆགས་སོགས་དྲུངས་འབྱིན་པར་ནུས་པ་མ་ཡིན་ཏེ། དེ་དག་གི་རྒྱུ་དངོས་པོའི་བདེན་ཞེན་ལ་ཅུང་ཟད་
ཀྱང་མི་གནོད་པའི་ཕྱིར་ཏེ། ཕུང་པོ་མི་རྟག་པ་དང་རྟག་པ་དང་བདག་ཡོད་མེད་ཀྱི་རྫས་དངོས་གཉིས་ཀར་ལྟ་བ་སོགས་གནས་ལུགས་སྟོང་ཉིད་ཀྱི་དོན་ལས་ཕྱིན་ཅི་ལོག་ཏུ་ཞུགས་པར་འདྲ་བས་དེའི་གཉེན་པོར་དེས་བྱེད་མི་ནུས་པའི་ཕྱིར། དཔེར་ན་ཡུལ་
<pb id="1-1-48a"/>
མི་སྡུག་པར་འཛིན་པའི་ཞེ་སྡང་གིས་ཡུལ་མི་སྡུག་པར་འཛིན་པའི་འདོད་ཆགས་རྩ་བ་ནས་སྤོང་མི་ནུས་པ་བཞིན། དབུ་མ་རྩ་བ་ལས། གལ་ཏེ་མི་རྟག་རྟག་གོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་པའོ་ཞེས། །འཛིན་
པའང་ཇི་ལྟར་ལོག་མ་ཡིན། །ཅེས་དང་། དོན་འདི་ཉིད་ཀྱི་དབང་དུ་བྱས་ན་མཉམ་ཉིད་དེ་ཁོ་ན་ཁོང་དུ་མ་ཆུད་ན་བདེན་བཞི་ཉི་ཚེ་བ་རྟོགས་པས་མྱང་འདས་མི་ཐོབ་ཅེས། ཡུམ་རྒྱས་པར། སྡུག་བསྔལ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་སྡུག་བསྔལ་
གྱིས་ཀྱང་མི་འདའོ། །ཀུན་འབྱུང་བ་ཤེས་པས་མྱ་ངན་ལས་ཡོངས་སུ་མི་འདའ་ཞིང་ཀུན་འབྱུང་བས་ཀྱང་མི་འདའོ། །འགོག་པ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་འགོག་པས་ཀྱང་མི་འདའོ། །ལམ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་
ལམ་གྱིས་ཀྱང་མི་འདའ་སྟེ། དེ་ལྟར་འཕགས་པའི་བདེན་པ་བཞི་པོ་འདི་དག་གི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ངས་རྣམ་པར་བྱང་བ་ཡིན་པར་བསྟན་ཏེ། མཉམ་པ་ཉིད་ནི་དེ་བཞིན་ཉིད་དོ་ཞེས་སོགས་རྒྱ་ཆེར་འབྱུང་ལ། ལུང་འདིའི་དོན་འགྲེལ་པ་ལ་འཕགས་
པའི་ཡུལ་དུ་མཉམ་ཉིད་ཀྱི་དོན་མ་རྟོགས་ན་མྱང་འདས་ཙམ་ཡང་མི་ཐོབ་ཅེས་དང་། མི་གནས་པའི་མྱང་འདས་མི་ཐོབ་ཅེས་ལུགས་གཉིས་བྱུང་ལ། ལྔ་བརྒྱ་ཐ་མར་བྱུང་བའི་བོད་ཁ་ཅིག །མངོན་པ་གོང་འོག་ནས་འབྱུང་བའི་མ་རིག་པ་དང་། འཇིག་ལྟ་སོགས་
ལུགས་དེ་ནས་བྱུང་བའི་བདེན་པའི་རྣམ་པ་དག་པ་སྒོམ་པས་སྤོང་ནུས་ལ། དེ་ལྟར་ནའང་དབུ་མའི་ལུགས་ལས་འབྱུང་བའི་འཇིག་ལྟ་དང་མ་རིག་པ་སོགས་ནི་མངོན་པ་ནས་བཤད་པའི་བདེན་པའི་རྣམ་པ་དག་པ་སྒོམ་པས་སྤོང་མི་ནུས་ཀྱི། དབུ་མ་ནས་བཤད་པའི་
<pb id="1-1-48b"/>
ཆོས་ཀྱི་བདག་མེད་པ་བསྒོམས་ནས་སྤོང་དགོས་པས། གང་ཟག་གི་བདག་ལྟ་རགས་པ་སྤོང་བྱེད་དང་། ཕྲ་བ་སྤོང་བྱེད་ཀྱི་ཁྱད་པར་ཤེས་དགོས་སོ་ཞེས་སྨྲ་བ་ནི་ནོར་བ་བླ་ན་མེད་པ་ཡིན་ཏེ། ཐེག་པ་གསུམ་ཆར་གྱི་མཐོང་སྤང་ཀུན་སྦྱོར་གསུམ་པོ་ལ། མངོན་
པ་དང་ཤེར་ཕྱིན་གྱི་གསུང་རབ་ཐ་དད་ལས་སྤང་བྱ་ལ་ཕྲ་རགས་ཡོད་པར་སྟོན་པའི་ཡི་གེ་ན་གཅིག་ཀྱང་མེད་པའི་ཕྱིར་དང་། གང་ཟག་གི་བདག་མེད་རགས་པ་དེ་མངོན་སུམ་གྱིས་རྟོགས་ན་འཕགས་པར་འགྱུར་ཞིང་། རགས་པ་རྟོགས་པ་དེ་ཁྱེད་འཕགས་
པར་ཁས་མི་ལེན་ལ། རྗེས་དཔག་གིས་རྟོགས་པ་ནི་སོ་སྐྱེ་ལའང་ཡོད་པས། དེས་འཇིག་ལྟ་དངོས་སུ་སྤོང་བར་ཡང་མི་བྱེད་པའི་ཕྱིར། དེ་ལ་འདི་སྙམ་དུ་ཕུང་པོ་ལ་མི་རྟག་སོགས་སུ་བལྟས་པས་རྟག་གཅིག་རང་དབང་ཅན་སོགས་ཀྱི་བདག་འཛིན་བཟློག་པའི་
ཕྱིར་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཕུང་པོ་ལས་དོན་གཞན་པའི་རྟག་གཅིག་སོགས་ཀྱི་བདག་མེད་པར་རྟོགས་པས་ཕུང་པོ་ལ་གདགས་པའི་རྒྱུ་ཅན་གྱི་བདག་འཛིན་དང་ཉོན་མོངས་ཟློག་པར་མི་རིགས་པའི་ཕྱིར་དང་། རྟག་
གཅིག་སོགས་ཀྱི་བདག་དེ་ངར་འཛིན་ལྷན་སྐྱེས་ཀྱི་རྟེན་མ་ཡིན་པ་དང་། དེ་ལྟའི་བདག་འཛིན་མེད་པ་རྣམས་ལའང་ངར་འཛིན་པ་དང་ཉོན་མོངས་པ་ཡོད་པ་མཐོང་བའི་ཕྱིར་རོ། །ལུང་ནི་ཇི་སྐད་དུ། རིན་ཕྲེང་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་
དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་
<pb id="1-1-49a"/>
རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་དུའང་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང་། །ཞེས་གསུངས་པས། འཁོར་བ་ཕུང་སོགས་ཀྱི་དངོས་པོ་ལ་མངོན་ཞེན་ཡོད་མེད་ཀྱི་རྗེས་སུ་འགྲོ་
ལྡོག་བྱེད་པར་བསྟན་པ་ཡིན་ལ། ཡང་རིན་ཕྲེང་ལས། ཇི་ལྟར་མིག་ནི་འཁྲུལ་པ་ཡིས། །མགལ་མེའི་འཁོར་ལོ་འཛིན་བྱེད་པ། །དེ་བཞིན་དབང་པོ་རྣམས་ཀྱིས་ནི། །ད་ལྟའི་ཡུལ་དག་འཛིན་པར་བྱེད། །དབང་པོ་དང་ནི་དབང་དོན་རྣམས། །འབྱུང་བ་ལྔ་ཡི་
རང་བཞིན་འདོད། །འབྱུང་བ་སོ་སོར་དོན་མེད་པས། །འདི་དག་དོན་དུ་དོན་མེད་དོ། །འབྱུང་རྣམས་སོ་སོར་ཐ་དད་ན། །བུད་ཤིང་མེད་པའི་མེར་ཐལ་འགྱུར། །འདུས་ན་མཚན་ཉིད་མེད་འགྱུར་ཏེ། །ལྷག་མ་ལ་ཡང་དེ་ལྟར་ངེས། །དེ་ལྟར་འབྱུང་རྣམས་རྣམ་
གཉིས་སུའང་། །དོན་མེད་པས་ན་འདུས་དོན་མེད། །འདུས་པ་དོན་མེད་ཉིད་ཀྱི་ཕྱིར། །གཟུགས་ཀྱང་དོན་དུ་དོན་མེད་དོ། །རྣམ་ཤེས་ཚོར་དང་འདུ་ཤེས་དང་། །འདུ་བྱེད་རྣམས་ཀྱང་ཐམས་ཅད་དུ། །སོ་སོར་བདག་ཉིད་དོན་མེད་ཕྱིར། །དམ་པའི་དོན་དུ་དོན་མེད་དོ། །ཇི་ལྟར་སྡུག་བསྔལ་
ཕྱིར་བཅོས་ལ། །དོན་དུ་བདེ་བར་ང་རྒྱལ་བྱེད། །དེ་བཞིན་བདེ་འཇོམས་བྱུང་བ་ལས། །སྡུག་བསྔལ་དུ་ཡང་ང་རྒྱལ་བྱེད། །དེ་ལྟར་ངོ་བོ་ཉིད་མེད་ཕྱིར། །བདེ་དང་ཕྲད་པའི་སྲེད་པ་དང་། །སྡུག་བསྔལ་བྲལ་བའི་སྲེད་པ་སྤོང་། །དེ་ཕྱིར་དེ་ལྟར་མཐོང་
བས་གྲོལ། །གང་གིས་མཐོང་བར་འགྱུར་ཞེ་ན། །ཐ་སྙད་དུ་ནི་སེམས་ལ་བརྗོད། །སེམས་བྱུང་མེད་པར་སེམས་མེད་དེ། །དོན་མེད་ཕྱིར་ན་ཡོད་མི་འདོད། །དེ་ལྟར་ཡང་དག་ཇི་བཞིན་དུ། །འགྲོ་བ་དོན་མེད་ཤེས་ནས་ནི། །རྒྱུ་མེད་པ་ཡི་མེ་བཞིན་དུ། །གནས་
<pb id="1-1-49b"/>
མེད་ལེན་མེད་མྱ་ངན་འདས། །ཞེས་ཕུང་སོགས་ཀྱི་དངོས་པོ་རང་བཞིན་མེད་པར་མ་ཤེས་ན་མྱང་འདས་མི་ཐོབ་པར་བསྟན་ཏོ། །ལུང་དེ་མི་གནས་པའི་མྱང་འདས་ཀྱི་དབང་དུ་བྱས་ནས་གསུངས་སོ་སྙམ་ན། མིན་ཏེ། དངོས་པོ་རྣམས་ངོ་བོ་ཉིད་མེད་པར་རྟོགས་
པའི་ཉན་རང་ཆད་པའི་མྱང་འདས་མངོན་དུ་བྱེད་ལ། དེ་ལྟར་རྟོགས་པའི་བྱང་འཕགས་ནི་དེ་ལྟར་མ་ཡིན་པའི་ཕྱིར། ལུང་དེའི་མཇུག་ཏུ། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་། །མཐོང་ནས་བྱང་ཆུབ་ངེས་པར་འདོད། །འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་
ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་འབྱུང་ངོ་། །ཁྱད་པར་ཉན་ཐོས་རྣམས་ལ་ཉོན་སྒྲིབ་སྤོང་བའི་སླད་དུ་འདུ་བྱེད་ཐམས་ཅད་རང་བཞིན་མེད་པར་ཉན་ཐོས་ཀྱི་མདོར་ཡང་བསྟན་ཏེ། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་
ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་འབྱུང་བའི་ཕྱིར། དེས་ན་ཉན་རང་རྣམས་ལ་འཁོར་ལོ་དང་པོར་དངོས་པོ་འཇིག་པས་ཟད་པར་བྱེད་པས་མི་རྟག་པ་དང་། མི་རྟག་
པའི་དངོས་པོ་ཉིད་ཀྱང་དེ་ཉིད་དུ་རྟག་པ་མ་ཡིན་པར་འགགས་པས་དངོས་པོར་མ་གྲུབ་པའི་སྟོང་ཉིད་བསྟན་པ་ན། ཉན་རང་རྟེན་དེ་ལ་དངོས་སུ་རྟོགས་པ་སྐྱེ་བའི་སྐལ་བ་ཅན་དག་འདུ་བྱེད་ཐམས་ཅད་རང་བཞིན་མེད་པར་རྟོགས་ནས་མྱ་ངན་ལས་
འདའ་བར་འགྱུར་ཞིང་། ཉན་རང་རྟེན་དེར་དངོས་སུ་རྟོགས་པ་སྐྱེ་རུང་མིན་པ་དག་འདུ་བྱེད་མི་རྟག་པར་བསྟན་པས་དངོས་པོར་འཛིན་པའི་གྲུབ་མཐའ་སྨྲ་བའི་ཉན་ཐོས་པར་ཁས་ལེན་པས་རང་ལམ་གྱི་མྱང་འདས་འཚོལ་བའི་ཆེད་དུ་ཚུལ་ཁྲིམས་དང་ཐོས་པ་དང་
<pb id="1-1-50a"/>
བསམ་གཏན་ལ་སོགས་པའི་ཚོགས་ལ་ནན་ཏན་དུ་བྱེད་པ་ཡིན་ཏེ། ཇི་སྐད་དུ། རིན་ཕྲེང་ལས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱིས་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་
དང་། རྩ་བར། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀའང་དགག་པར་མཛད། །ཅེས་འབྱུང་ངོ་། །ཅི་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པའི་ཕྱིར་ཤེས་སྒྲིབ་སྤོང་བར་
འགྱུར་སྙམ་ན། མི་འགྱུར་ཏེ། དེ་ལྟར་ན་ཐེག་ཆེན་གྱི་མཐོང་ལམ་ཉིད་དུ་སྒྲིབ་པ་ཐམས་ཅད་སྤོང་བར་ཐལ་བའི་ཕྱིར། དེས་ན་ཉན་རང་གིས་ཤེས་སྒྲིབ་སྤོང་བའི་ཆེད་དུ་ཆོས་ཀྱི་བདག་མེད་བསྐལ་པ་གྲངས་མེད་དུ་གོམས་པར་བྱེད་པ་མ་ཡིན་ཏེ། རང་གི་འབྲས་
བུ་ཚེ་གསུམ་ལ་སོགས་པར་བསྒྲུབས་ནས་དེར་འགྱུར་བའི་ཕྱིར། ཞེས་བསམ་པ་ལ། ཁ་ཅིག་འོ་ན། ས་དྲུག་པ་མན་གྱི་བྱང་སེམས་ཀྱིས་སྤོང་བའི་ཤེས་སྒྲིབ་རྣམས་ཉན་རང་དགྲ་བཅོམ་ལྷག་མེད་ཀྱི་དབྱིངས་སུ་སྙོམས་པར་བསྐལ་པ་གྲངས་མེད་དུ་ཞུགས་
པ་དེ་དག་གིས་སྤོང་བར་འགྱུར་ཏེ། དེ་དག་གིས་བསྐལ་པ་གྲངས་མེད་དུ་མར་ཆོས་ལ་བདག་མེད་པ་གོམས་པའི་ཕྱིར་དང་། ཉན་རང་བློ་སྟོབས་ཀྱིས་ཟིལ་གྱིས་གནོན་མི་ནུས་པའི་ཕྱིར་ཞེ་ན། འདི་ལ་དངོས་དང་མཚུངས་པའི་ལན་གཉིས་ལས། དང་པོ་ནི།
དེ་མི་མཚུངས་ཏེ། ཉན་རང་དགྲ་བཅོམ་པ་དེས་ཆོས་ཀྱི་བདག་མེད་པའི་འགོག་པ་ལ་སྙོམས་པར་འཇུག་པས་དེ་ལ་གོམས་པར་བྱེད་ཀྱང་ཤེས་སྒྲིབ་སྤོང་བའི་ཆེད་དུ་གོམས་པར་མི་བྱེད་པའི་ཕྱིར་དང་། གལ་སྲིད་དེའི་ཆེད་དུ་ཉན་རང་དེས་གོམས་པར་བྱེད་ཀྱང་
<pb id="1-1-50b"/>
དབང་པོ་རྟུལ་བ་ཉིད་ཀྱིས་བྱང་སེམས་ལྟར་ཤེས་སྒྲིབ་སྤོང་མི་ནུས་པའི་ཕྱིར། གཉིས་པ་ནི། ཁྱབ་པ་མ་ངེས་ཏེ། ས་བདུན་པ་མན་གྱི་བྱང་སེམས་ཀྱིས་ཉོན་ཡིད་དང་ཉོན་མོངས་པ་ཐམས་ཅད་སྤངས་པར་ཐལ་བའི་ཕྱིར་ཏེ། ཁྱེད་ལྟར་ན་ཉན་ཐོས་ཀྱིས་ཆོས་ཀྱི་
བདག་མེད་གཏན་མ་རྟོགས་ཤིང་། གང་ཟག་གི་བདག་མེད་ཀྱང་ཡུན་རིང་དུ་མ་བསྒོམས་པའི་ཉན་རང་དགྲ་བཅོམ་མ་ཐག་པས་དེ་དག་སྤངས་པའི་ཕྱིར་དང་། བྱང་སེམས་ཀྱིས་བདག་མེད་གཉིས་ལ་བསྐལ་པ་དུ་མར་གོམས་པར་བྱས་པའི་ཕྱིར། འོ་ན་ཐེག་
ཆེན་བསྟན་པ་དོན་མེད་དུ་འགྱུར་ཏེ། ཉན་རང་གི་ཐེག་པ་ཡང་ཆོས་ཀྱི་བདག་མེད་བསྟན་པས་ཐེག་པ་ཆེ་ཆུང་གི་ཆོས་ཚུལ་ཁྱད་མེད་པའི་ཕྱིར་སྙམ་ན། ཁྱད་མེད་པ་མ་གྲུབ་སྟེ། ཐེག་ཆེན་གྱི་ཆོས་ནི་ཆོས་ལ་བདག་མེད་པ་ཁོ་ན་ཙམ་ལས་གཞན་མི་སྟོན་པ་མ་ཡིན་
པའི་ཕྱིར་ཏེ། སེམས་དཔའ་རྣམས་ཀྱི་ས་དང་ཕར་ཕྱིན་དང་སྨོན་ལམ་ཆེན་པོ་བཅུ་དང་། སྙིང་རྗེ་ཆེན་པོ་སོགས་ཚད་མེད་པ་དང་། བྱང་ཆེན་གྱི་ཡོངས་བསྔོ་དང་། ཚོགས་གཉིས་དང་། རྡུལ་ཕྲ་རབ་གཅིག་གི་སྟེང་དུ་སངས་རྒྱས་རང་ཉིད་བཞུགས་ནས་རྡུལ་ཕྲ་
རབ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་འཁོར་བསྡུས་ཏེ། ཆོས་སྟོན་པ་སོགས་བདེན་གཉིས་ཀྱི་ཆོས་ལ་ཐམས་ཅད་མཁྱེན་པ་མིན་པས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་མཐའ་ཡས་པ་ཡོད་པས་དེ་དག་སྟོན་པའི་ཕྱིར། ཇི་སྐད་དུ། རིན་ཕྲེང་ལས། ཉན་ཐོས་ཐེག་
པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པ། །དེ་ཕྱིར་མཁས་
<pb id="1-1-51a"/>
པ་རྣམས་ཀྱིས་བཟུང་། །ཞེས་སོ། །འདི་ལ་ཁ་ཅིག་ཉན་རང་གི་ཐེག་པར་ཕར་ཕྱིན་སོགས་མ་བསྟན་པར་མི་འཐད་དེ། དེར་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་སོགས་ཡོད་པའི་ཕྱིར་སྙམ་ན། མ་ངེས་ཏེ། ཆེད་
དུ་བྱ་བ་སེམས་ཅན་གྱི་དོན་དུ་བསྔོ་བ་སོགས་དམ་པ་དྲུག་ལྡན་ནམ། ཆོས་བཞི་ལྡན་ནམ། ཡོན་ཏན་བཞི་ལྡན་ནམ། བརྒྱད་ལྡན་ནམ། དམ་པ་བཅུ་གཉིས་དང་ལྡན་པ་སོགས་ཀྱི་སྦྱིན་སོགས་མེད་པའི་ཕྱིར། འོ་ན་ཆོས་ཀྱི་བདག་མེད་རྟོགས་པས་ཟིན་མ་ཟིན་གྱི་
སྦྱིན་སོགས་ལ་སྦྱིན་པའི་ཕར་ཕྱིན་ཡིན་མིན་དུ་འཇོག་པ་མ་ཡིན་ནམ་ཞེ་ན། དེ་ནི་བྱང་སེམས་གཞིར་བཞག་ལ། དེ་ལྟའི་སྦྱིན་སོགས་དེ་འཇིག་རྟེན་ལས་མ་འདས་པ་ན་སྦྱིན་སོགས་ཙམ་པོ་དང་། འདས་པ་ན་ཕར་ཕྱིན་དུ་འཇོག་ཅེས་སྤྱིར་བཤད་པ་ཡིན་ནོ། །
ངག་དོན་ཉན་རང་འཕགས་པ་བདག་མེད་གཉིས་ཀྱི་རྟོགས་པས་ཟིན་པའི་སྒོ་གསུམ་གྱི་ལས་དེ་དག་ས་དང་ཕར་ཕྱིན་དུ་མི་འགྱུར་ཏེ། དེ་དག་གིས་གྲོལ་བ་ཙམ་དོན་དུ་གཉེར་བ་ཡིན་གྱི། ཆོས་ཅན་ཤེས་བྱ་མཐའ་ཡས་པ་གཞན་དོན་དུ་ཤེས་པར་བྱ་བའི་
ཆེད་དུ་ས་དང་ཕར་ཕྱིན་སོགས་ལ་སློབ་ཅིང་འཇུག་པར་མི་བྱེད་པའི་ཕྱིར། ཉན་ཐོས་ཀྱི་ཐེག་པར་ནི་ཆོས་ཀྱི་བདག་མེད་མདོར་བསྡུས་པ་ཙམ་ཞིག་ངེས་པར་བསྟན་གྱི། རྒྱས་པར་ནི་མ་བསྟན་ཏེ། མདོ་ཙམ་མ་བསྟན་ན་ཉན་རང་དགྲ་བཅོམ་པར་མི་འགྱུར་ཞིང་
རྒྱས་པར་བསྟན་ཀྱང་དེ་དག་གི་གཉེར་བྱ་མ་ཡིན་པའི་ཕྱིར། ཇི་སྐད་དུ། འཇིག་རྟེན་འདས་བསྟོད་ལས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །
<pb id="1-1-51b"/>
ཞེས་འབྱུང་ངོ་། །ཆོས་ཀྱི་བདག་མེད་རྒྱས་བསྡུས་ཀྱི་དོན། བོད་གང་དག་བསྒྲུབ་བྱ་ཆོས་ཀྱི་བདག་མེད་རང་གི་ངོ་བོ་རྒྱས་བསྡུས་ཀྱི་ཆ་ནས་དང་། སྒྲུབ་བྱེད་རིགས་པ་རྒྱས་བསྡུས་ཀྱི་ཆ་ནས་འཇོག་པ་ཡོད་ཀྱང་མི་འཐད་དེ། བསྒྲུབ་བྱ་ཆོས་ཀྱི་བདག་མེད་རང་
གི་ངོ་བོས་མ་གྲུབ་པའི་ཕྱིར། དེ་ལ་རྒྱས་པ་དང་བསྡུས་པའང་མ་དམིགས་ཤིང་། ཆོས་ནི་མཚན་ཉིད་འཛིན་པ་ལ་ཟེར་ལ། དེ་དེས་སྟོང་པའི་མཚན་མ་དང་བྲལ་ཙམ་ཞིག་ཁོང་དུ་ཆུད་པ་ལ་ཆོས་ཀྱི་བདག་མེད་དུ་བརྗོད་པར་འཕགས་པ་གསུམ་ལ་མཉམ་
པ་ཉིད་ཀྱི་ཕྱིར། དེ་ལས་ལྷག་པའི་ཆོས་ཀྱི་བདག་མེད་རྒྱས་པ་བྱང་འཕགས་ཀྱིའང་རྟོགས་བྱར་མེད་དོ། །སྒྲུབ་བྱེད་བསྡུས་པས་དེར་གྲུབ་ན་སྒྲུབ་བྱེད་རྒྱས་པའང་མི་དགོས་ཏེ། གྲུབ་ཟིན་བསྒྲུབ་པར་འགྱུར་བའི་ཕྱིར་དང་། བསྡུས་པས་དེར་མི་འགྲུབ་ན་
དེ་སྒྲུབ་བྱེད་དུ་ཉན་རང་ལའང་ཆོས་ཀྱི་བདག་མེད་ཆེས་རྒྱས་པར་སྟོན་རིགས་པའི་ཕྱིར། དེས་ན་ཆོས་ཀྱི་བདག་མེད་རྒྱས་བསྡུས་ཀྱི་དོན། ཆོས་ཉིད་བདག་མེད་པའི་རང་བཞིན་དེ་ཁྱད་གཞི་ཀུན་རྫོབ་པའི་ཆོས་ཅན་མ་ལུས་པ་ཡང་རྟེན་བརྟེན་པར་འབྲེལ་བར་
མངོན་དུ་མི་བྱེད་པ་དང་བྱེད་པ་ལས་དེར་འཇོག་པ་ཡིན་ཏེ། ཉན་རང་ནི་རང་རྒྱུད་ཀྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་ལས་ཉོན་གྱིས་འདུས་བྱས་པའི་ཆ་དང་། ཟག་མེད་ལམ་གྱི་བདེན་པའི་ཆོས་ཙམ་ཞིག་རང་གི་ངོ་བོས་མ་གྲུབ་པར་རྟོགས་པར་བྱེད་ཀྱི། དེ་
ལས་གཞན་རང་རྒྱུད་ཀྱིས་བསྡུས་པའི་ལས་ཉོན་གྱིས་འདུས་མ་བྱས་པའི་རྒྱུ་བདེ་གཤེགས་སྙིང་པོ་དང་། དེ་ལ་བརྟེན་ནས་བྱང་འཕགས་དག་གིས་བསགས་སྦྱང་གི་བྱེད་པས་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་སྤྲོ་བསྡུ་ལ་སོགས་པ་སྣང་ཚུལ་ཀུན་རྫོབ་
<pb id="1-1-52a"/>
ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དང་། དེ་ལྟར་བསྒྲུབས་པའི་འབྲས་བུ་ཆོས་ཀྱི་སྐུ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་སངས་རྒྱས་སའི་སྐུ་དང་། ཡེ་ཤེས་ལ་སོགས་པའི་ཆོས་ཅན་ཤེས་བྱ་ཐམས་ཅད་དང་འབྲེལ་བར་ཆོས་ཉིད་དེ་མངོན་
དུ་མི་བྱེད་པའི་ཕྱིར་ཏེ། ཉན་རང་དེ་དག་ཤེས་བྱ་ཐམས་ཅད་མཁྱེན་པའི་ཀུན་མཁྱེན་མ་ཡིན་པའི་ཕྱིར། ཁྱད་པར་ཆོས་ཅན་ཆོས་སྐུ་དང་ཆོས་དབྱིངས་ཡེ་ཤེས་ལ་བརྟེན་པའི་ཆོས་ཉིད་ནི། སངས་རྒྱས་ཆོས་ཀྱི་སྐུ་ཅན་དེ་ཉིད་མ་གཏོགས་ཉན་རང་དང་བྱང་སེམས་
སུས་ཀྱང་རྟོགས་བྱ་མིན་ཏེ། སྒྲིབ་གསུམ་གྱི་རྟོག་པའི་བག་ཆགས་མ་སངས་པའི་ཤེས་པའི་སྤྱོད་ཡུལ་མིན་པའི་ཕྱིར་ཞེས་སློབ་དཔོན་འདི་ཁོ་ནར་མ་ཟད། སློབ་དཔོན་ལེགས་ལྡན་འབྱེད་ཀྱང་བཞེད་དེ། དབུ་མ་སྙིང་པོར། གྲངས་མེད་བསོད་ནམས་ཚོགས་
ལྡན་ཅིང་། །ཤེས་བྱ་མཐའ་ཡས་མཁྱེན་གྱུར་པའི། །སངས་རྒྱས་རྣམས་ཀྱི་ཆོས་སྐུ་འདི། །སྤྲོས་པ་ཉེར་ཞི་ཞི་བ་ཡིན། །ཤ་ཡི་མིག་གིས་དེ་ལྟ་མིན། །ལྷ་ཡི་མིག་གིས་ལྟ་མ་ཡིན། །རྟོག་བཅས་རྣམ་རྟོག་མེད་པ་ཡི། །ཤེས་པས་ཀྱང་ནི་མཐོང་བར་དཀའ། །
མཐོ་རིས་སྡིག་ཅན་ཡུལ་མིན་དང་། །ཉོན་མོངས་མེད་པ་དེ་བཅས་མིན། །ཉི་མ་དམུས་ལོང་ཡུལ་མིན་ལྟར། །དེ་ཡང་རྟོག་གེའི་སྤྱོད་ཡུལ་མིན། །ཅེས་འབྱུང་ངོ་། །ཡང་གྲུབ་མཐའ་ལས་གྲོལ་ཞིང་རྟོགས་པ་ཐོབ་པའི་ཉན་རང་དེ་དག་ནི་འགོག་བདེན་རྫས་གྲུབ་
ཏུ་མངོན་པར་ཞེན་པ་མེད་པའི་ཆ་ནས་ཆོས་ཀྱི་བདག་མེད་རྟོགས་པར་འཇོག་ཀྱང་། འགོག་བདེན་དེ་འདུས་མ་བྱས་སུ་རྟོགས་པ་ཞིག་ཡོད་པས་ཀྱང་ཆོས་ཀྱི་བདག་མེད་རྒྱས་པ་བསྒོམ་པར་མ་སོང་ཞེས་བརྗོད་པའང་རྣམ་གྲངས་གཅིག་ཏུ་བརྗོད་ན་རུང་སྟེ། འདུས་
<pb id="1-1-52b"/>
བྱས་ཀྱི་ཆོས་བདེན་པར་མེད་པའི་བདག་མེད་པ་མདོ་ཙམ་དུ་རྟོགས་ཀྱང་དེར་མེད་པའི་འདུས་མ་བྱས་ཀྱི་ཆོས་ཀྱང་སྤྲོས་པ་དང་བྲལ་བར་རྒྱས་པ་དཔྱིས་ཕྱིན་པར་མ་རྟོགས་པའི་ཕྱིར། དེ་ལྟར་ནའང་བསྒྲུབ་བྱ་ཆོས་ཀྱི་བདག་མེད་ཀྱི་ཆ་ནས་ཆོས་ཀྱི་བདག་མེད་རྒྱས་
པར་རྟོགས་པར་མ་སོང་སྟེ། བསྒྲུབ་བྱ་བདག་མེད་དང་བདེན་མེད་ཙམ་ལ་རྒྱས་བསྡུས་དང་བྲལ་བའི་དགག་རྐྱང་རྟོགས་སུ་ཟིན་ཀྱང་སྒྲུབ་གཞིའི་ཆོས་བདེན་པ་བཞི་ལས་ཆོས་འགའ་ཞིག་གི་གཞི་ལྡོག་ལ་བདག་ཡོད་པར་མི་འཛིན་ཅིང་། བདག་མེད་པར་མ་རྟོགས་
པས་བདག་མེད་རྒྱས་པ་སྟེ་དཔྱིས་ཕྱིན་དུ་མ་རྟོགས་པའི་ཕྱིར་ཞེས་བྱ་བ་འདི་ངེས་སོ། །འོ་ན་ཉན་རང་དེས་ཆོས་ཀྱི་བདག་མེད་མ་རྟོགས་པར་ཐལ། ཆོས་འགའ་ཞིག་གི་གཞི་ལྡོག་ནས་དེར་མ་རྟོགས་པའི་ཕྱིར་སྙམ་ན། འོ་ན་ལྷ་བྱིན་གྱི་མིག་ཤེས་ཀྱིས་སྔོན་པོ་མ་རྟོགས་
པར་ཐལ། ཤེས་བྱ་ན་ཡོད་པའི་སྔོན་པོ་ཐམས་ཅད་མ་རྟོགས་པའི་ཕྱིར། འོ་ན་ཉན་རང་དགྲ་བཅོམ་དེ་ཐེག་ཆེན་པར་ཐལ། བདག་མེད་གཉིས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་པའི་དབུ་མ་པ་ཡིན་པའི་ཕྱིར་ཞེ་ན། དབུ་མ་པ་ཡིན་ན་གྲུབ་མཐའ་སྨྲ་བའི་དབུ་མ་པ་ཡིན་མི་
དགོས་པ་དང་། ཡིན་དུ་ཆུག་ཀྱང་ཐེག་པ་དང་གྲུབ་མཐའ་མི་གཅིག་པའི་ཕྱིར་དེར་ག་ལ་ཐལ། གཞན་ཡང་དབང་ཐོབ་པའི་རྒྱལ་བ་དང་དེ་སྲས་ཆེན་པོ་རྣམས་ལ་སེམས་ཀྱི་སྐད་ཅིག་རེར་འགོག་པའི་སྙོམས་འཇུག་ལ་ལྡང་འཇུག་བྱེད་པ་ཡོད་ཅེས་པ་འདིའང་
སྙོམས་འཇུག་ནི་ཏིང་ངེ་འཛིན་གྱི་སེམས་ཀྱི་སྐད་ཅིག་ཡིན་ན། དེ་ལ་ལྡང་འཇུག་གཉིས་ལ་སེམས་ཀྱི་སྐད་ཅིག་གཉིས་མེད་ན་ལྡང་འཇུག་ཏུ་མི་འགྲུབ། ལྡང་འཇུག་ལ་སྐད་ཅིག་གཉིས་ཡོད་ན་སེམས་ཀྱི་སྐད་ཅིག་རེར་ལྡང་འཇུག་བྱེད་པ་མི་འགྲུབ་ཅིང་།
<pb id="1-1-53a"/>
སེམས་ཀྱི་སྐད་ཅིག་རེར་འགོག་པ་ལ་ལྡང་འཇུག་བྱེད་པ་དེའི་ཚེ་འགོག་པ་ལ་སྐད་ཅིག་གི་ཡུན་དུ་འཇོག་རྒྱུ་མ་བྱུང་བར་འགྱུར་ཏེ། སྐད་ཅིག་རེར་དེ་ལ་འཇུག་ལྡང་གཉིས་བྱས་པས་སྐད་ཅིག་གཅིག་གི་ཆ་དེ་ལ་སྐད་ཅིག་ཕྱེད་ལ་ཞུགས་ནས་
ཕྱེད་པ་ལ་ལྡང་དགོས་བྱུང་བའི་ཕྱིར། དེའི་ཚེ་འགོག་པ་ལ་སྐད་ཅིག་གི་ཡུན་དུ་འཇོག་རྒྱུ་མ་བྱུང་བས་ཅི་སྟོ་སྙམ་ན། དུས་ཀྱི་ཕྲ་ཤོས་སྐད་ཅིག་ཡིན་པ་ལ་དེ་ཙམ་གྱི་ཡུན་ལས་འཇོག་རྒྱུ་མ་བྱུང་ན་འགོག་སྙོམས་ལ་འཇུག་ཅེས་པའང་ཚིག་ཙམ་དུ་སོང་ལ། ཡང་མ་
སོང་སྟེ་སྐད་ཅིག་གི་ཕྱེད་ལ་ཞུགས་པས་ཆོག་སྙམ་ན། དེ་ལྟར་ན་སྐད་ཅིག་དེ་སྐད་ཅིག་གི་ཆ་ཉམས་པས་སྐད་ཅིག་རེར་ལྡང་འཇུག་བྱེད་ཅེས་པའང་མི་འགྲུབ་བོ། །དེ་ལ་ཚུལ་འདི་རང་ཅག་གི་རྟོག་དཔྱོད་ཀྱིས་བསམ་གྱིས་མི་ཁྱབ་པའི་དངོས་པོའི་ཆོས་ཉིད་ཡིན་
པས་རྟོགས་བྱ་མིན་ནོ་ཞེ་ན། འོ་ན་སེམས་ཙམ་པས་ཤེས་པ་སྐད་ཅིག་ཆ་མེད་ཁས་བླངས་པ་ལ་དབུ་མ་པས་དེ་ལ་སྔ་ཕྱིར་གཏད་པའི་ཆ་ཡོད་མེད་དཔྱད་པས་ཆ་བཅས་སུ་རིགས་པས་གྲུབ་པ་ལ། སེམས་ཙམ་པས་ཤེས་པ་སྐད་ཅིག་ཆ་མེད་ལ་བརྟགས་ན་དེ་འདྲའི་བློ་
ཞིག་སྐྱེ་སྲིད་ཀྱང་ཚུལ་དེ་ནི་རང་ཅག་ཚུར་མཐོང་གིས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡིན་ནོ་ཞེས་སྨྲ་བ་དེ་ཡང་དོན་ལ་གནས་པར་ཅིས་མི་འགྱུར་ཏེ། ཁྱེད་ཀྱི་སྨྲ་བ་དང་མཚུངས་པའི་ཕྱིར། དེར་མ་ཟད་སོ་སྐྱེས་ཀྱང་ཆོས་ཐམས་ཅད་དཔྱད་པ་ན་དཔྱད་མི་ནུས་
པའི་ཆོས་མེད་པར་བཤད་ན། གང་ཤེས་རབ་ཀྱིས་དཔྱད་པའི་ནུས་པ་མ་ཐོབ་པ་དེ་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དོ་ཞེས་འཇོག་ཏུ་ག་ལ་རུང་། དེ་ལྟར་ནའང་བློ་ཞན་པས་རྟོགས་བྱར་མ་གྱུར་པ་ལ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ཆོས་ཉིད་ཅེས་པའི་རྣམ་གཞག་
<pb id="1-1-53b"/>
བཀག་པའང་མིན་ནོ། །<head n="9" t="གཙོ་བོ་སྦྱིན་པའི་ཕར་ཕྱིན་བཤད་པ།"/>གཉིས་པ་ལ། ས་དེར་སྦྱིན་པའི་ཕར་ཕྱིན་ལྷག་པར་བསྟན། ཞར་ལ་སྦྱིན་པའི་བསྔགས་པ་བཤད། འཇིག་རྟེན་ལས་འདས་མ་འདས་ཀྱི་སྦྱིན་པའི་ཁྱད་པར་བསྟན་པའོ། །<head n="10" t="ས་དེར་སྦྱིན་པའི་ཕར་ཕྱིན་ལྷག་པར་བསྟན།"/>དང་པོ་ལ། དངོས་དང་། དེས་ཡོན་ཏན་གཞན་ཡང་མཚོན་པའོ། །<head n="11" t="ས་དེར་སྦྱིན་པའི་ཕར་ཕྱིན་ལྷག་པར་བསྟན་པ་དངོས།"/>དང་པོ་
ནི། ས་དང་པོ་ཐོབ་པ་དེའི་ཚེ་སེམས་དཔའ་དེ་ལ་རྫོགས་སངས་བྱང་ཆུབ་ཀྱི་རྒྱུ་ཕར་ཕྱིན་བཅུ་ལས། དང་པོ་སྦྱིན་པའི་ཕར་ཕྱིན་ཉིད་ནི་ཆེས་ལྷག་པར་འགྱུར་ཏེ། ཕར་ཕྱིར་དེ་རྣམ་མཁྱེན་གྱི་རྒྱུ་དང་པོ་ཡིན་པའི་ཕྱིར། ཚུལ་ཁྲིམས་སོགས་གཞན་ཡང་མེད་པ་ནི་མིན་ནོ། །
གཉིས་པ་ནི། དེའི་ཚེ་སེམས་དཔའ་དེས་དངོས་པོ་ཕལ་པ་ལ་ལྟ་ཅི་སྨོས། སློང་མོ་བར་རང་ཤ་བཅད་ནས་སྟེར་བ་ལའང་གུས་པར་བྱས་པ་ཡིས་ལས་དེ་ཆོས་ཅན། སྣང་དུ་མི་རུང་བའི་ས་དང་པོའི་ངོ་བོ་ཡོན་ཏན་དང་བཅས་པ་དཔོག་པའི་རྒྱུར་ཡང་འགྱུར་ཏེ། བདག་
གཞན་རང་བཞིན་མེད་པར་མངོན་སུམ་རྟོགས་པའི་སྙིང་རྗེ་ཆེན་པོ་རྒྱུད་ལ་མ་སྐྱེས་ན་རང་ཤ་སྟེར་བ་ལ་གུས་པར་མི་བྱེད་པའི་ཕྱིར་ཞེས་པ་འདི་ས་ཐོབ་པ་ཆོས་ཅན་དུ་བཟུང་ནས་ཁྱབ་པ་བཅས་ཀྱི། གཞན་དུ་རྟགས་ཁྱབ་མི་འགྲུབ་སྟེ། བྱང་སེམས་སོ་སྐྱེས་ཀྱང་རང་
ཤ་སྟེར་བ་ལ་གུས་པར་བྱེད་པའི་ཕྱིར་རོ། །<head n="11" t="དེས་ཡོན་ཏན་གཞན་ཡང་མཚོན་པ།"/>གཉིས་པ་ལ། རྒྱལ་བས་དང་པོར་སྦྱིན་པའི་གཏམ་མཛད་པའི་རྒྱུ་མཚན། གཏོང་བ་པོ་དང་ཚུལ་དང་མི་མཐུན་ཡང་སྦྱིན་པས་གནས་སྐབས་དང་མཐར་ཐུག་གི་བདེ་བ་སྐྱེད་པ། རྒྱལ་སྲས་ལ་མྱུར་དུ་བདེ་བ་སྐྱེད་པ།
དེ་དག་གི་དོན་བསྡུ་བ། རྒྱལ་སྲས་ལ་བདེ་བ་སྐྱེད་ཚུལ་བྱེ་བྲག་ཏུ་བཤད་པ་དང་ལྔའོ། །<head n="12" t="རྒྱལ་བས་དང་པོར་སྦྱིན་པའི་གཏམ་མཛད་པའི་རྒྱུ་མཚན།"/>དང་པོ་ནི། བྱང་འཕགས་ཀྱིས་ཤ་བཅད་ནས་སྦྱིན་པ་སངས་རྒྱས་ཀྱི་རྒྱུ་དང་པོ་ཡིན་པ་དང་། ས་ཐོབ་པར་དངོས་སུ་མི་ཤེས་པ་ལ་དེ་ཤེས་པའི་རྟགས་སུ་འགྱུར་བ་དེ་བཞིན་
<pb id="1-1-54a"/>
དུ་སོ་སྐྱེའི་སྦྱིན་པས་བཀྲེས་སོགས་ཀྱི་སྡུག་བསྔལ་ཕྱིར་འཆོས་པ་དང་། འཁོར་བར་བདེ་བར་བྱེད་ཅིང་ཉན་རང་གི་སྦྱིན་པས་སྐྱེ་སོགས་ཀྱི་སྡུག་བསྔལ་ཕྱིར་བཅོས་ནས་ཉན་རང་གི་བྱང་ཆུབ་འཐོབ་པའི་རྒྱུ་བྱེད་དོ་ཞེས་སྟོན་པ་ནི། བསམ་
གཏན་གསུམ་པ་མན་ཆད་ཀྱི་སོ་སོ་སྐྱེ་བོ་འདི་ཀུན་འཁོར་བའི་བདེ་བ་སྡུག་བསྔལ་གྱི་རང་བཞིན་ཅན་དེ་མངོན་པར་འདོད་ཅིང་། བསམ་གཏན་གསུམ་པ་མན་གྱི་མི་རྣམས་ཀྱི་ཚོར་བ་བདེ་བའང་རང་རྒྱུ་ཟས་གོས་ལ་སོགས་པའི་ལོངས་སྤྱོད་སྡུག་བསྔལ་གྱི་རྒྱུ་
ཅན་ཡོད་ན་འབྱུང་ཞིང་། མེད་ན་འབྱུང་བ་མིན་ལ། ལོངས་སྤྱོད་ཀྱང་ནི་སྦྱིན་པ་ལས་འབྱུང་ཞིང་། སྦྱིན་པ་མ་བཏང་ན་མི་འབྱུང་བར་ཐུབ་པས་མཁྱེན་ནས་ཚུལ་ཁྲིམས་སོགས་ཀྱི་གཏམ་ལས་དང་པོར་སྦྱིན་པའི་གཏམ་མཛད་དོ། །འདིར་འཁོར་བའི་ཚོར་
བདེ་འདོད་དོ་ཅོག་ལ་མི་རྣམས་ཞེས་སྒྲ་སྦྱར་བས་གཟུགས་ཀྱི་ལྷ་སོགས་མིའི་འགྲོ་བར་བསྡུ་བ་མ་ཡིན་ཏེ། འདིར་མི་རྣམས་ཞེས་ཚོར་བདེ་འདོད་པའི་མི་དང་ལྷ་ལ་སོགས་པ་རྣམས་ཞེས་ཚིག་གི་བསྡུ་བ་ཡོད་པ་ཡིན་ནོ། །<head n="12" t="གཏོང་བ་པོ་དང་ཚུལ་དང་མི་མཐུན་ཡང་སྦྱིན་པས་གནས་སྐབས་དང་མཐར་ཐུག་གི་བདེ་བ་སྐྱེད་པ།"/>གཉིས་པ་ལ། གནས་སྐབས་དང་
མཐར་ཐུག་གི་བདེ་བའི་རྒྱུ་བྱེད་པའོ། །<head n="13" t="གནས་སྐབས་ཀྱི་བདེ་བའི་རྒྱུ་བྱེད་པ།"/>དང་པོ་ནི། གཏོང་བ་པོ་གཞན་དོན་གྱི་ཆེད་ཀྱི་ཚུལ་དང་མི་མཐུན་པར་གཞན་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེས་དམན་ཞིང་གཏོང་བའི་ཚེ་ན་བསམ་སྦྱོར་ཤིན་ཏུ་རྩུབ་པའི་སེམས་ཅན་ཚོང་པས་ནོར་ཆུང་ངུ་བཙོངས་
ནས་ཆེན་པོ་རྙེད་པར་བྱེད་པ་ལྟར། ཚེ་འདིར་སྦྱིན་པ་བཏང་ན་ཚེ་རབས་འདི་ཕྱིར་ལོངས་སྤྱོད་ཐོབ་བོ་ཞེས་རང་དོན་ལྷུར་ལེན་ཉིད་དུ་གྱུར་པ་གང་དེ་རྒྱལ་སྲས་སྦྱིན་འབྲས་མི་གཉེར་བར་སྦྱིན་པའི་དགའ་སྟོན་འཕེལ་བ་ལས་ཟློག་པ་དེ་དག་གིས་ཀྱང་དེ་ལྟར་སྤྱད་
<pb id="1-1-54b"/>
པ་ལས་འབྲས་བུ་འདོད་པའི་ལོངས་སྤྱོད་རྣམས་བཀྲེས་སོགས་ཀྱི་སྡུག་བསྔལ་ཉེར་ཞིར་བྱེད་ཅིང་། དེའི་རྒྱུར་གྱུར་ནི་སྦྱིན་པ་ལ་ཡོན་ཏན་དུ་ལྟ་ཞིང་མི་སྦྱིན་པ་ལ་སྐྱོན་དུ་ལྟ་བ་ལས་བྱུང་ངོ་། །<head n="13" t="མཐར་ཐུག་གི་བདེ་བའི་རྒྱུ་བྱེད་པ།"/>གཉིས་པ་ནི། ཉན་རང་གི་རིགས་ཅན་སྙིང་རྗེ་ཆེན་པོ་དང་བྲལ་
བ་ན་རྒའི་སྡུག་བསྔལ་སྤོང་འདོད་ཀྱི་སྦྱིན་པ་གཏོང་པོ་འདི་ཡང་སྦྱིན་པ་གཏོང་བའི་སྐབས་ཀྱི་དུས་ནམ་ཞིག་གི་ཚེ་གཏོང་པོ་དེ་ལེན་པོ་འཕགས་པའི་སྐྱེ་བོ་དང་ཕྲད་པར་འགྱུར་ཏེ། མདོར་ན་སྦྱིན་བདག་གཏོང་བ་པོའི་ཐད་དུ་དམ་པ་དག་གིས་བགྲོད་པ་ཡིན་
ནོ་ཞེས་རང་བྱོན་མཛད་པའི་ཕྱིར། ཡང་ན་སྦྱིན་བདག་གིས་སྦྱིན་ཡུལ་འཕགས་པ་སྤྱན་དྲངས་ནས་སྦྱིན་བྱ་ཟས་གོས་སོགས་ཀྱི་ལོངས་སྤྱོད་བསྟབས་པ་ན། དེས་ཡོན་བསྔོ་བཤད་སོགས་འཁོར་བ་ལས་བཟློག་པའི་གདམས་པ་བཤད་པས་གཏོང་པོ་དེ་
མྱུར་དུ་གདམས་པ་ཐོབ་པའི་རྗེས་དེ་ནས་འཁོར་བ་ལ་སྐྱོན་དུ་བལྟས་ཏེ། འཕགས་ལམ་མངོན་དུ་བྱས་ནས་སྲིད་རྒྱུན་ཡང་དག་བཅད་པར་བྱས་ཏེ་ཉན་རང་ཞི་བར་འགྲོ་བར་འགྱུར་བའི་ཕྱིར། རྒྱུ་ཅན་མྱང་འདས་དེ་ཐོབ་པའི་རྒྱུའང་ཉན་རང་གི་སྦྱིན་པ་ལས་
བྱུང་ངོ་། །ཡང་ན་སྲིད་རྒྱུན་ཡང་དག་བཅད་པར་བྱས་ཏེ་སྲིད་རྒྱུན་བཅད་པའི་ལམ་དེའི་རྒྱུ་ཅན་གྱི་ཞི་བ་ཉན་རང་གི་མྱང་འདས་དེར་འགྲོ་བར་འགྱུར་ཞེས་ཀྱང་སྦྱར་རོ། །<head n="12" t="རྒྱལ་སྲས་ལ་མྱུར་དུ་བདེ་བ་སྐྱེད་པ།"/>གསུམ་པ་ནི། སེམས་དཔའ་མིན་པའི་སྦྱིན་པ་བྱིན་པ་ནི། སྦྱིན་པ་དང་དུས་མཉམ་དུ་
སྦྱིན་འབྲས་ལ་ལོངས་སྤྱད་པ་མིན་ཏེ་སྦྱིན་པའི་རྣམ་སྨིན་ལ་རེ་བའི་ཕྱིར། དེས་ན་དེ་དག་སྦྱིན་པ་ལ་མི་འཇུག་པ་ཡང་སྲིད་དེ། སྦྱིན་འབྲས་མངོན་དུ་མ་གྱུར་པས་སྦྱིན་པ་ལ་མ་སྤྲོ་བའི་ཕྱིར། བྱང་ཆུབ་སེམས་དཔའ་འགྲོ་བ་ལ་ཕན་པར་དམ་བཅས་པའི་ཡིད་
<pb id="1-1-55a"/>
ཅན་རྣམས་ནི་སྦྱིན་པས་ཡུན་རིང་པོར་མི་ཐོགས་པར་དུས་མཉམ་ཁོ་ནར་དེའི་འབྲས་བུ་ལ་ལོངས་སྤྱོད་པས་དགའ་བ་ཐོབ་པར་འགྱུར་ཏེ། རྣམ་སྨིན་ལ་མི་རེ་བར་གཞན་བདེའི་ཆེད་དུ་གཏོང་བའི་ཕྱིར། དེ་རྒྱུ་མཚན་དེས་སྦྱིན་པ་ལ་
དགའ་བར་ཡང་འགྱུར་རོ། ། <head n="12" t="དེ་དག་གི་དོན་བསྡུ་བ།"/>བཞི་པ་ནི། སྦྱིན་པ་ལ་བསྔགས་པའི་གཏམ་ཉིད་འདོད་བྱའི་གཙོ་བོ་སྟེ་དང་པོ་ཡིན་ཏེ། གང་ཕྱིར་ཇི་སྐད་བཤད་པའི་ཚུལ་གྱིས་བརྩེ་བའི་བདག་ཉིད་ཅན་གྱི་སེམས་དཔའ་དང་། བརྩེ་བའི་བདག་ཉིད་ཅན་མ་ཡིན་པ་སོ་སྐྱེ་
དང་ཉན་རང་ཐམས་ཅད་མངོན་མཐོ་དང་ངེས་ལེགས་ཐོབ་བྱེད་ཀྱི་རྒྱུ་སྦྱིན་པ་ཡིན་པ་དེའི་ཕྱིར་རོ། །<head n="12" t="རྒྱལ་སྲས་ལ་བདེ་བ་སྐྱེད་ཚུལ་བྱེ་བྲག་ཏུ་བཤད་པ།"/>ལྔ་པ་ལ། དངོས་དང་། སྡུག་བསྔལ་འབྱུང་ཡང་གཞན་དོན་འཕེལ་བའི་རྒྱུར་འགྱུར་བའོ། །<head n="13" t="རྒྱལ་སྲས་ལ་བདེ་བ་སྐྱེད་ཚུལ་བྱེ་བྲག་ཏུ་བཤད་པ་དངོས།"/>དང་པོ་ནི། སེམས་དཔས་སློང་པོ་ལ་གཏོང་བ་ཉིད་ཀྱིས་དེ་དག་
ཡིད་ཚིམ་པ་ན་སེམས་དཔའ་ཉིད་ལ་དགའ་བ་ཅི་འདྲ་སྐྱེ་ཞེ་ན། སློང་མོ་བ་འགའ་སེམས་དཔའི་སྒོ་དྲུང་དུ་འོངས་ནས་ཇི་ལྟར་འདོད་པའི་ལོངས་སྤྱོད་བྱིན་ཅིག་ཅེས་སློང་བའི་སྒྲ་སེམས་དཔས་ཐོས་པ་ན། སེམས་དཔའ་དེས་བསམས་པ་ལས་སློང་བ་པོ་འདི་བ
དག་དང་གཞན་གང་ལ་སློང་བ་ཡིན་སྙམ་དུ་རྟོག་པའི་ཚེ་རྒྱལ་སྲས་བདག་ཉིད་ལ་སློང་བར་རྟོགས་པ་ན། རྒྱལ་སྲས་དེའི་རྒྱུད་ལ་བདེ་བ་འབྱུང་བ་དེ་ལྟར་ཐུབ་པ་ཉན་རང་རྣམས་ལ་སྡུག་བསྔལ་ཀུན་ཞི་བར་ཞུགས་པ་ལས་ཐོབ་པའི་བདེ་བ་དེས་ཀྱང་འགྲན་
པར་བྱེད་པ་མིན་ན། སེམས་དཔས་ཕྱི་ནང་གི་དངོས་པོ་ཐམས་ཅད་བཏང་བས་གཞན་དོན་གྱིས་ཡིད་ཚིམ་པའི་བདེ་བ་ཆེས་ཆེར་འབྱུང་བ་ལྟ་ཞིག་སྨོས་ཅི་དགོས། ཡང་ན་ཉན་རང་གི་ཞི་བདེ་ལས་བྱང་འཕགས་ལ་སློང་བའི་སྒྲ་ཐོས་པའི་བདེ་བ་ཆེ་བ་དེ་ལྟར་
<pb id="1-1-55b"/>
ན་སེམས་དཔས་གཞན་དོན་དུ་དངོས་པོ་ཐམས་ཅད་བཏང་བས་དེ་འབྲས་དམན་པའི་མྱང་འདས་ཐོབ་པའི་བདེ་བ་ལས་ལྷག་པའི་བདེ་བ་འབྱུང་བ་ལྟ་ཞིག་སྨོས་ཅི་དགོས་ཞེས་འཆད་པར་བྱེད་དོ། །<head n="12" t="སྡུག་བསྔལ་འབྱུང་ཡང་གཞན་དོན་འཕེལ་བའི་རྒྱུར་འགྱུར་བ།"/>གཉིས་པ་ནི། དེ་ལྟར་སེམས་དཔས་ལུས་སོགས་
གཏོང་བ་ན་ལུས་སྡུག་བསྔལ་བར་འགྱུར་རམ་ཞེ་ན། བྱང་སེམས་ཆགས་མེད་དང་ཆགས་བཅས་གཉིས་ལས། དང་པོ་ནི། ལུས་བཅད་པ་ལས་སྡུག་བསྔལ་འབྱུང་མི་སྲིད་དེ། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཕྱིར། བེམས་པོ་བཅད་
པ་ལྟ་བུ་སྟེ། ཇི་སྐད་དུ། འདི་ལྟ་སྟེ། དཔེར་ན་ཤིང་སཱ་ལ་ཆེན་པོའི་ཚལ་ཞིག་ཡོད་ལ། དེར་འགའ་ཞིག་འོངས་ནས་སཱ་ལ་གཅིག་བཅད་པ་ན། དེར་ཤིང་སཱ་ལ་ལྷག་མ་དེ་རྣམས་འདི་སྙམ་དུ་འདི་ནི་བཅད་པའོ། །བདག་ཅག་ནི་མ་བཅད་པའོ་སྙམ་དུ་
མི་སེམས་ཤིང་། དེ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་དོ། །རྟོག་པ་དང་རྣམ་པར་རྟོག་པ་མེད་དོ། །བྱང་ཆུབ་སེམས་དཔའི་བཟོད་པ་དེ་ལྟ་བུ་གང་ཡིན་པ་འདི་ནི་བཟོད་པ་ཡོངས་སུ་དག་པ་མཆོག་ནམ་མཁའ་དང་མཉམ་པ་ཡིན་ནོ་ཞེས་འབྱུང་
བས། འཕགས་པའི་ལུས་བཅད་པས་ལུས་ཀྱི་སྡུག་བསྔལ་མེད་དེ། ལུས་དེ་ལས་ཉོན་གྱིས་བསྐྱེད་པའི་རྣམ་སྨིན་མ་ཡིན་པའི་ཕྱིར་དང་། སྡུག་བསྔལ་གྱི་རྒྱུ་སྡིག་པ་སྤང་བའི་ཕྱིར། དེ་བཅད་པས་ཡིད་ཀྱི་སྡུག་བསྔལ་མེད་དེ། སྡུག་བསྔལ་ལ་སོགས་
པ་ཡོངས་སུ་མ་དམིགས་པའི་ཕྱིར། ཇི་སྐད་དུ། དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་སྡུག །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །ཞེས་དང་། སྤྱོད་འཇུག་ལས། སྡིག་པ་སྤང་ཕྱིར་སྡུག་བསྔལ་མེད། །
<pb id="1-1-56a"/>
མཁས་པའི་ཕྱིར་ན་མི་དགའ་མེད། །འདི་ལྟར་ལོག་པར་རྟོག་པ་དང་། །སྡིག་པས་སེམས་དང་ལུས་ལ་གནོད། །བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་
རྗེ་ཅན་དག་ཅི་སྟེ་སྐྱོ། །ཞེས་སོ། །གཉིས་པ་ནི། སེམས་དཔས་ལུས་བཅད་ནས་སྟེར་ཞིང་དེ་ལས་བྱུང་བའི་བདག་གི་སྡུག་བསྔལ་གྱི་གདུང་བས་གཟིར་བ་ལ་རྗེས་སུ་དཔགས་ནས། སེམས་ཅན་གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི་ངན་སོང་གསུམ་
གྱི་སྡུག་བསྔལ་ཆེས་ཆེན་པོས་ལུས་སྡུག་བསྔལ་བ་ནི་བདག་གི་ཤ་བཅད་པ་འདི་ལས་སྟོང་འགྱུར་གྱིས་ལྷག་པའི་སྡུག་བསྔལ་བསྲན་དུ་མེད་པ་དེའང་རང་གི་སྡུག་བསྔལ་ཇི་ལྟར་རིག་པ་ཉིད་བཞིན་དུ་མཐོང་ནས། སེམས་དཔའ་དེས་ནི་རང་ལུས་བཅད་པའི་སྡུག་
བསྔལ་ལ་སྡུག་བསྔལ་ཙམ་དུའང་མི་ལྟ་བར་དམྱལ་སོགས་ཀྱི་སྡུག་བསྔལ་དེ་རྒྱུན་བཅད་པར་བྱ་བའི་ཕྱིར་བྱང་ཆེན་གྱི་ཆེད་དུ་མྱུར་དུ་བརྩོན་འགྲུས་རྩོམ་མོ། །<head n="10" t="འཇིག་རྟེན་ལས་འདས་མ་འདས་ཀྱི་སྦྱིན་པའི་ཁྱད་པར་བསྟན་པ།"/>གསུམ་པ་ལ། འཇིག་རྟེན་ལས་འདས་མ་འདས་ཀྱི་སྦྱིན་པ་གཉིས་ལས། <head n="11" t="འཇིག་རྟེན་ལས་འདས་ཀྱི་སྦྱིན་པ།"/>དང་པོ་ནི། སྦྱིན་པ་གང་གིས་ཕ་
རོལ་ཏུ་འགྲོ་ཞེས་པའི་ཕ་རོལ་ནི་འཁོར་བའི་ཕར་ཡོད་པའི་སྒྲིབ་གཉིས་ཀྱི་སྤངས་པ་ལྡན་པའི་སངས་རྒྱས་ཉིད་དོ། །དེར་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །དེའང་པྲཱྀ་སྐྱོང་བ་ལའོ། །གྷཉ་རྐྱེན། གྲུབ་པ་ཉ་ཎ་རྗེས་སུ་འབྲེལ་བ་ལ་ཨི་ཙ་བཞིན་ནོས་ཉ་དབྱི་ཞིང་། བྱིངས་ལ་
འཕེལ། སྲཱྀ་པཱ་ར། ཙ་ཚ་དག་ནི་དྷུ་ཊ་དང་གྷ་རྗེས་སུ་འབྲེལ་བ་ལ་ཀ་ཁ་དག་གོས་གྷ་ཕྱིས། སྲོག་གི་ཨ་བཞག །དབྱངས་དྲངས་པས་པཱ་ར། གང་བྱ་བ་ནི་ལས་སོས་གཉིས་པའི་ཨཾ་རྐྱེན། ཨ་ཡིག་ལ་དབྱི་འོས་རྟགས་མཐའ་རའི་ཨ་དབྱི། དབྱངས་དྲངས་པས་པཱ་རཾ།
<pb id="1-1-56b"/>
དེས་ནི་ཕ་རོལ་གྱི་ཚིག་ཏུ་གྲུབ། དེའི་མཐར་ཕྱིན་པའི་ཚིག་ཕྱི་མ་ཨི་ཏཱ་ཡོད་པ་ན། ཚིག་སྔ་ཕྱིའི་བར་གྱི་རྣམ་དབྱེ་པཱ་རམ་གྱི་མ་བསྡུ་བར་མི་བྱ་སྟེ། པྲཱྀ་ཥོ་དར་ལ་སོགས་པ་རྣམས་སོ་ཞེས་འབྱུང་བའི་ཕྱིར། ཕར་ཕྱིན་དུ་འཇོག་བྱེད་དངོས་ནི་ཤེར་ཕྱིན་ཡིན་ཏེ། དེས་ཟིན་
པའི་སྦྱིན་སོགས་བྱང་ཆུབ་ཏུ་བསྔོ་བར་བྱས་པས་ཕ་རོལ་ཏུ་འགྲོ་བ་ཉིད་ཀྱི་ཕྱིར་ཏེ། སྦྱིན་སོགས་དེ་དག་ལ་ཕར་ཕྱིན་གྱི་མིང་རྙེད་པའི་ཕྱིར། དེ་ལྟའི་སྦྱིན་སོགས་ཤེར་ཕྱིན་ཕར་ཕྱིན་ཡིན་པ་ལྟར་ཕར་ཕྱིན་དུའང་འཇོག་གོ། །དེས་ན་སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་
པོས་སྟོང་། འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ་བར་བཅོམ་ལྡན་འདས་མར་གསུངས་ཏེ། དེ་ལྟའི་སྦྱིན་པ་ནི་འཁོར་གསུམ་དུ་མ་དམིགས་པའི་ཕྱིར། <head n="11" t="འཇིག་རྟེན་ལས་མ་འདས་ཀྱི་སྦྱིན་པ།"/>གཉིས་པ་ནི། སྦྱིན་པ་གང་ལ་སྦྱིན་བྱ་ལེན་པོ་གཏོང་པོ་གསུམ་པོ་དག་ལ་ཆགས་པ་སྐྱེས་པ་སྟེ། དེ་དེ་
ལྟར་དམིགས་པར་གྱུར་པས་དེ་འཇིག་རྟེན་པའི་ཕ་རོལ་ཕྱིན་ཅེས་བསྟན་ཏེ། དེར་དམིགས་པ་ནི་ཀུན་རྫོབ་ཀྱི་བདེན་པར་ལྟ་བ་ཡིན་པའི་ཕྱིར། <head n="8" t="སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ།"/>གསུམ་པ་ནི། ས་འདིར་ཡེ་ཤེས་ཀྱི་ཡོན་ཏན་ལ་རྗེས་སུ་བསྟོད་པ་ནི་བཤད་མ་ཐག་པའི་ཡོན་ཏན་དེ་ལྟར་ཐོབ་པའི་རྒྱལ་
བའི་སྲས་ཀྱི་ཡིད་ལ་རབ་ཏུ་གནས་ཤིང་། དམ་པའི་རྟེན་ཀུན་རྫོབ་བྱང་སེམས་ལ་དོན་དམ་བྱང་སེམས་ཀྱི་འོད་ཆགས་པས་མཛེས་པ་རྙེད་པར་གྱུར་པའི་རབ་ཏུ་དགའ་བའི་ས་འདི་ནི། དཔེར་ན་ནོར་བུ་ཆུ་ཤེལ་ལས་གྲུབ་པའི་ཟླ་བ་ཉ་གང་བས་མུན་པ་སེལ་བ་ཇི་བཞིན་
དུ་རང་གི་ངོ་སྐལ་གྱི་སྒྲིབ་པའི་མུན་པ་སྟུག་པོ་ཐམས་ཅད་རྣམ་པར་བསལ་ནས་རྒྱལ་བར་འགྱུར་རོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་དང་པོའོ། །དབུ་མ་ལ་འཇུག་པ་ལས། རབ་དགའ་ཞེས་བྱ་བའི་སེམས་བསྐྱེད་པ་དང་པོའི་བཤད་པའོ།། །།ཆོས་ཀྱི་ཚུལ་འདིར་གཟུར་གནས་བློ་ཅན་འགས། །
<pb id="1-1-57a"/>
རྣམ་པར་དཔྱད་པའི་གྲུབ་པ་ཇི་བཞིན་དུ། །གྲུབ་མཆོག་རྣམས་ཀྱི་རྟོགས་པས་མྱོང་ཉིད་དེ། །བརྗོད་བྲལ་རྗོད་པར་བྱེད་ན་ཇི་ལྟར་སྨྲ། །<head n="7" t="ས་གཉིས་པ་དྲི་མ་མེད་པ།"/>གཉིས་པ་ལ། ཚུལ་ཁྲིམས་རྣམ་པར་དག་པའི་སྒོ་ནས་སའི་ངོ་བོ་བསྟན་པ་དང་། ཞར་ལ་ཚུལ་
ཁྲིམས་ཀྱི་བསྔགས་པ་བཤད་པ་དང་། སའི་ངེས་ཚིག་དང་རྣམ་སྨིན་དང་ཡོན་ཏན་བརྗོད་དེ་མཇུག་བསྡུ་བའོ། །<head n="8" t="ཚུལ་ཁྲིམས་རྣམ་པར་དག་པའི་སྒོ་ནས་སའི་ངོ་བོ་བསྟན་པ།"/>དང་པོ་ལ། དངོས་དང་། ཚུལ་ཁྲིམས་རྣམ་པར་དག་ཚུལ་རྒྱས་པར་བཤད་པའོ། །<head n="9" t="ཚུལ་ཁྲིམས་རྣམ་པར་དག་པའི་སྒོ་ནས་སའི་ངོ་བོ་བསྟན་པ་དངོས།"/>དང་པོ་ནི། ས་ཞེས་ཡེ་ཤེས་ཀྱི་ངོ་བོ་ལ་ནི་རང་ངོ་དབྱེ་མི་ནུས་པས་རང་
བཞིན་གཅིག་པ་ཉིད་ཡིན་ཀྱང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་སོགས་ཀྱི་ཕུལ་དུ་བྱུང་བས་ས་གཉིས་པ་སོགས་ཀྱི་ཁྱད་པར་རབ་ཏུ་ཕྱེ་བ་ཡིན་ལ། དེར་གནས་ཀྱི་སེམས་དཔའ་དེ་རྨི་ལམ་དུ་ཡང་འཆལ་ཁྲིམས་དྲི་མ་སྤངས་པ་ཡིན་ཏེ། རང་སའི་ཚུལ་ཁྲིམས་ཕུན་སུམ་ཚོགས་
པའི་ཡོན་ཏན་དག་དང་ལྡན་པའི་ཕྱིར་རོ། །ཡང་སྒྲས་ནི་སད་པའི་ཚེ་ལྟ་ཅི་སྨོས་སོ། །ཚུལ་ཁྲིམས་ཀྱི་ངེས་ཚིག་ནི་ཉོན་མོངས་དང་དུ་མི་ལེན་ཅིང་། དེ་འབྲས་སྡིག་མི་སོག་པས་སེམས་སིམ་པ་དང་བདེ་བའི་རྒྱུ་ཉིད་ཀྱིས་དམ་པས་བསྟེན་བྱ་ཡིན་པས་སོ། །ངོ་བོ་ནི་
སྤང་བྱ་བདུན་སྤོང་བའི་ཡིད་ཀྱི་དགེ་བ་གསུམ་དང་བཅས་ཏེ་དགེ་བའི་ལས་ལམ་བཅུའོ། །<head n="9" t="ཚུལ་ཁྲིམས་རྣམ་པར་དག་ཚུལ་རྒྱས་པར་བཤད་པ།"/>གཉིས་པ་ལ། མི་དགེ་བ་སྤངས་པས་དག་ཚུལ་དང་། ཤེས་རབ་ཀྱིས་ཚུལ་ཁྲིམས་རྣམ་པར་དག་ཚུལ་ལོ། །<head n="10" t="མི་དགེ་བ་སྤངས་པས་དག་ཚུལ།"/>དང་པོ་ལ། མི་དགེ་བ་བཅུ་སྤངས་པས་དག་ཚུལ་དང་།
ས་དང་པོ་བས་དག་ཚུལ་དང་། དཔེའི་སྒོ་ནས་དག་ཚུལ་ལོ། །<head n="11" t="མི་དགེ་བ་བཅུ་སྤངས་པས་དག་ཚུལ།"/>དང་པོ་ནི། ས་གཉིས་པའི་སེམས་དཔའ་འདི་ནི་དམ་པའི་ལས་ལམ་བཅུ་ཆར་ཡང་རང་གི་ངང་གིས་སོག་པར་བྱེད་དེ། ལུས་ངག་ཡིད་ཀྱི་རྒྱུ་བ་མི་མཐུན་པའི་དྲི་མ་དག་པར་གྱུར་པས་དེའི་ཕྱིར་རོ། །
<pb id="1-1-57b"/>
<head n="11" t="ས་དང་པོ་བས་དག་ཚུལ།"/>གཉིས་པ་ནི། ཅི་ལས་ལམ་འདི་དག་སེམས་དང་པོ་བསྐྱེད་པས་མི་སོག་གམ་ཞེ་ན། སོག་མོད་ཀྱི། འོན་ཀྱང་ས་འདིར་གནས་ཀྱི་སེམས་དཔའ་དེ་ལ་དང་པོའི་ས་པ་ལས་དགེ་བའི་ལམ་འདི་ལྟ་ཞིག་བཅུ་ཆར་ཡང་ཀླགས་ཏེ་ཤིན་ཏུ་དག་པར་འགྱུར་བ་ཡིན་ཏེ།
གཏན་དུ་རྒྱུན་མི་འཆད་པར་གཙོ་བོར་གོམས་པར་བྱེད་པ་ཉིད་ཀྱི་ཕྱིར། <head n="11" t="དཔེའི་སྒོ་ནས་དག་ཚུལ།"/>གསུམ་པ་ནི། རྟག་ཏུ་འཆལ་ཚུལ་གྱིས་རྣམ་པར་དགེ་བའི་སེམས་དཔའ་དེ་དབང་པོ་བསྡམས་པས་ཞི་ཞིང་ལྷམ་མེར་གསལ་བས་འོད་ཆགས་པར་སེམས་དཔའ་དེ་དག་གི་མདངས་རྣམ་པར་མཛེས་
པ་ནི་སྟོན་ཀའི་ཟླ་འོད་ལྟར་རོ། །<head n="10" t="ཤེས་རབ་ཀྱིས་ཚུལ་ཁྲིམས་རྣམ་པར་དག་ཚུལ།"/>གཉིས་པ་ལ། དངོས་པོར་ལྟ་ན་ཚུལ་ཁྲིམས་མ་དག་པ། རྒྱལ་སྲས་ཀྱི་ཚུལ་ཁྲིམས་དངོས་འཛིན་དང་བྲལ་བར་བསྟན་པའོ། །<head n="11" t="དངོས་པོར་ལྟ་ན་ཚུལ་ཁྲིམས་མ་དག་པ།"/>དང་པོ་ནི། གལ་ཏེ་ཚུལ་ཁྲིམས་དག་པའི་གང་ཟག་དེ་ནི་གང་ཟག་ཉིད་ཚུལ་ཁྲིམས་དག་པའི་རང་
བཞིན་ཅན་དུ་ལྟ་བ་དེའི་ཕྱིར་གང་ཟག་དེ་ནི་ཚུལ་ཁྲིམས་དག་པར་མི་འགྱུར་རོ། །<head n="11" t="རྒྱལ་སྲས་ཀྱི་ཚུལ་ཁྲིམས་དངོས་འཛིན་དང་བྲལ་བར་བསྟན་པ།"/>གཉིས་པ་ནི། རྒྱལ་སྲས་དེ་ནི་ཚུལ་ཁྲིམས་དག་པ་དེའི་ཕྱིར་རམ། ཆེད་དུ་གང་ལ་དང་། གང་ཞིག་དང་། གང་གིས་སྤོང་བའི་འཁོར་གསུམ་ཆར་ལ་ཡང་དངོས་པོ་དངོས་མེད་
སོགས་རྟག་ཏུ་གཉིས་བློའི་རྒྱུ་བ་དང་ཡང་དག་བྲལ་བར་འགྱུར་ཏེ། ཇི་སྐད་དུ། གང་ལ་བདག་གི་འདུ་ཤེས་སེམས་ཅན་འདུ་ཤེས་མེད། །འདུ་ཤེས་འདོད་ཆགས་བྲལ་ལ་སྡོམ་མིན་ག་ལ་ཡོད། །གང་ལ་སྡོམ་དང་སྡོམ་པ་མ་ཡིན་རློམ་སེམས་མེད། །འདི་ནི་
ཚུལ་ཁྲིམས་སྡོམ་པར་རྣམ་པར་འདྲེན་པས་གསུངས། །ཞེས་འབྱུང་བའི་ཕྱིར། <head n="8" t="ཞར་ལ་ཚུལ་ཁྲིམས་ཀྱི་བསྔགས་པ་བཤད་པ།"/>གཉིས་པ་ལ། སྤྱིར་ཚུལ་ཁྲིམས་ཀྱི་བསྔགས་པ་དང་། བྱེ་བྲག་ཏུ་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་བསྔགས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་དབྱེ་བསྟན་
<pb id="1-1-58a"/>
པའོ། །<head n="9" t="སྤྱིར་ཚུལ་ཁྲིམས་ཀྱི་བསྔགས་པ།"/>དང་པོ་ལ། ཚུལ་ཁྲིམས་འཆལ་བའི་ཉེས་དམིགས་དང་། ཚུལ་ཁྲིམས་ཀྱི་ཡོན་ཏན་བསྟན་པ་གཉིས། <head n="10" t="ཚུལ་ཁྲིམས་འཆལ་བའི་ཉེས་དམིགས།"/>དང་པོ་ལ། སྦྱིན་པའི་འབྲས་བུ་མི་རྫོགས་པ་དང་། ངན་སོང་ལས་མི་ཐར་བའོ། །<head n="11" t="སྦྱིན་པའི་འབྲས་བུ་མི་རྫོགས་པ།"/>དང་པོ་ལ། ངན་སོང་དུ་ལྟུང་བ་དང་། སྦྱིན་
པའི་འབྲས་བུ་མི་རྫོགས་པ་དངོས་སོ། །<head n="12" t="ངན་སོང་དུ་ལྟུང་བ།"/>དང་པོ་ནི། ཚུལ་ཁྲིམས་ནི་སྦྱིན་པ་ལས་འབྲས་བུ་ཆེ་ཞིང་། ཡོན་ཏན་གྱི་རྟེན་དུ་བསྟན་པ་ཡིན་ཏེ། སྦྱིན་པས་སྦྱིན་བདག་ཚུལ་ཁྲིམས་དང་ལྡན་ན་ལྷ་མིའི་ནང་དུ་ལོངས་སྤྱོད་ཕུན་ཚོགས་འབྱུང་བ་དག་ནི་དེ་ལས་བཟློག་སྟེ།
གཏོང་ཡང་ཚུལ་དང་མི་ལྡན་པས་ངན་འགྲོ་ནའང་ཀླུ་སོགས་ཀྱི་སྐྱེ་བོ་ལོངས་སྤྱོད་འབྱོར་པ་ནི་ཚུལ་ཁྲིམས་རྐང་པ་ཉམས་པ་ལའང་འབྱུང་བའི་ཕྱིར། <head n="12" t="སྦྱིན་པའི་འབྲས་བུ་མི་རྫོགས་པ་དངོས།"/>གཉིས་པ་ནི། ཚུལ་མི་ལྡན་གྱི་གཏོང་པོ་ངན་སོང་བ་དེ་སྦྱིན་འབྲས་རྒྱུན་བཅས་སུ་འབྱུང་ངམ་ཞེ་ན། མི་འབྱུང་སྟེ།
དེ་ལྟའི་གང་ཟག་དེ་ཚེ་སྔ་མར་ལྷ་མིའི་རྟེན་ལ་སྦྱིན་པ་བཏང་བའི་འབྲས་བུ་བསྐྱེད་དང་བཅས་པ་དངོས་པོའི་འདུ་བ་སྦྱིན་པའི་ས་བོན་དང་བཅས་པ་ངན་སོང་གི་རྟེན་ལ་ཡོངས་སུ་ཟད་པས་ན་ཕྱིན་ཆད་ངན་སོང་གི་རྟེན་དེ་ལ་དགེ་བློ་སྒྲུབ་པ་ཆེས་ཉུང་བས་སྦྱིན་འབྲས་ལོངས་སྤྱོད་
རྒྱུན་མི་ཆད་འབྱུང་བར་མི་འགྱུར་བའི་ཕྱིར། སྤྱོད་འཇུག་ལས། གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ཅེས་སོ། །<head n="11" t="ངན་སོང་ལས་མི་ཐར་བ།"/>གཉིས་པ་ནི། ཚུལ་དང་བྲལ་ན་ཕྱིན་ཆད་
ལོངས་སྤྱོད་མི་འབྱུང་བར་མ་ཟད། ངན་འགྲོ་ལས་ལྡང་བ་ཡང་ཆེས་དཀའ་སྟེ། དལ་འབྱོར་དང་ལྡན་པ་གང་གི་ཚེ་དཔའ་བོ་མཐུན་པའི་ཡུལ་ན་འཆིང་བ་ལས་གྲོལ་བ་ལྟར་ལྷ་མའི་འགྲོ་བར་དགེ་བ་ལ་རང་དབང་དུ་འཇུག་ཅིང་མཐུན་པར་གནས་པས། གལ་ཏེ་སྐྱེ་
<pb id="1-1-58b"/>
བོ་འདི་དག་ཚུལ་ཁྲིམས་སོགས་ཀྱི་ལེགས་སྤྱད་ཀྱིས་བདག་ཉིད་ངན་འགྲོ་སོགས་ལས་འཛིན་པར་མི་བྱེད་ན་དཔའ་བོ་ལྕགས་སྒྲོག་གིས་བཅིངས་ནས་རི་སུལ་དུ་བསྐྱུར་བ་ལྟར་ངན་འགྲོའི་གཡང་སར་ལྷུང་བ། ལས་ཉོན་གྱི་གཞན་དབང་གིས་ངན་འགྲོར་འཇུག་
པར་འགྱུར་བ་ན་ངན་སོང་དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར་ཏེ་མི་འགྱུར་བའི་ཕྱིར་ཏེ། ལས་ངན་གྱི་འབྲས་བུ་མ་ཟད་པར་བཙན་ཐར་མི་སྲིད་པ་དང་། དེ་དག་གིས་དེ་ནས་ཐར་ཐབས་ལ་མི་བརྩོན་པའི་ཕྱིར། གལ་ཏེ་དེ་མི་རྣམས་ཀྱི་ནང་དུ་སྐྱེས་ཀྱང་
ཚེ་ཐུང་བ་དང་བདེ་འགྲོའི་ལས་རྩོམ་པར་མི་བྱེད་དོ། །དེ་སྐད་དུ། སྤྱོད་འཇུག་ལས། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པར་མནར་མེད་གནས་འགྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །
དེ་ཙམ་ཁོ་ན་མྱོང་གྱུར་ནས། །དེ་ནི་རྣམ་ཐར་མི་འགྱུར་ཏེ། །འདི་ལྟར་དེ་ནི་མྱོང་བཞིན་དུ། །སྡིག་པ་གཞན་དག་རབ་ཏུ་སྐྱེ། །ཞེས་སོ། །<head n="10" t="ཚུལ་ཁྲིམས་ཀྱི་ཡོན་ཏན་བསྟན་པ།"/>གཉིས་པ་ལ། སྦྱིན་པའི་འོག་ཏུ་ཚུལ་ཁྲིམས་ཀྱི་གཏམ་མཛད་པའི་རྒྱུ་མཚན། ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་རྟེན་དུ་
བསྟན་པ། སྐྱེ་འཕགས་ཀྱི་མངོན་མཐོ་ངེས་ལེགས་ཀྱི་རྒྱུར་བསྟན་པའོ། །<head n="11" t="སྦྱིན་པའི་འོག་ཏུ་ཚུལ་ཁྲིམས་ཀྱི་གཏམ་མཛད་པའི་རྒྱུ་མཚན།"/>དང་པོ་ནི། རྒྱལ་བས་སྦྱིན་པའི་གཏམ་མཛད་ནས། དེའི་འོག་ཏུ་སྦྱིན་འབྲས་གོང་འཕེལ་དུ་བྱེད་པ་ནི་ཚུལ་ཁྲིམས་ཀྱི་རྗེས་སུ་འགྲོ་བས་དེའི་གཏམ་ཉིད་ལ་བསྔགས་པར་མཛད་པ་ཡིན་
ཏེ། ཚུལ་འཆལ་གྱིས་སྦྱིན་འབྲས་ཆུད་གསོན་པ་སོགས་ཉེས་པ་ཆེས་མང་བ་བསྐྱེད་པ་དེའི་ཕྱིར་རོ། །<head n="11" t="ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་རྟེན་དུ་བསྟན་པ།"/>གཉིས་པ་ནི། ཚུལ་ཁྲིམས་ཀྱི་ཞིང་དུ་སྦྱིན་སོགས་ཀྱི་ས་བོན་བཏབ་པས་ཡོན་ཏན་རྣམ་པར་འཕེལ་བ་ན་འབྲས་བུ་ལོངས་སྤྱད་བྱ་ཉེར་སྤྱོད་ཆད་པ་མེད་པར་འགྱུར་
<pb id="1-1-59a"/>
ཏེ། དེ་ནི་ཡོན་ཏན་གྱི་རྟེན་ཉིད་ཡིན་པའི་ཕྱིར། <head n="11" t="སྐྱེ་འཕགས་ཀྱི་མངོན་མཐོ་ངེས་ལེགས་ཀྱི་རྒྱུར་བསྟན་པ།"/>གསུམ་པ་ནི། སོ་སོ་སྐྱེ་བོ་རྣམས་དང་། གསུང་སྐྱེས་ཉན་ཐོས་དང་། རང་བྱང་ཆུབ་ལ་བདག་ཉིད་ངེས་པ་རྣམས་དང་། རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང་། མངོན་མཐོའི་རྒྱུ་ནི་ཚུལ་
ཁྲིམས་ལས་གཞན་མེད་དེ། དེ་གཉིས་རྒྱུ་ནི་ཚུལ་ཁྲིམས་མཆོག་ཡིན་པའི་ཕྱིར། <head n="9" t="བྱེ་བྲག་ཏུ་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་བསྔགས་པ།"/>གཉིས་པ་ནི། དེ་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་དབང་དུ་བྱས་པའི་བདག་ཉིད་ཆེན་པོ་ས་འདིར་གནས་པ་དེ་འཆལ་བ་དང་ལྷན་ཅིག་གནས་པར་མི་འདོད་དེ། ཇི་ལྟར་རྒྱ་
མཚོ་ཆེན་པོ་རོ་དང་ལྷན་ཅིག་ཞག་ཏུ་མི་གནས་པ་དང་། བཀྲ་ཤིས་བཀྲ་མ་ཤིས་རྣ་ནག་མ་དང་ལྷན་ཅིག་མི་གནས་པ་བཞིན་ནོ། །<head n="9" t="འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་དབྱེ་བསྟན་པ།"/>གསུམ་པ་ནི། གང་ཟག་གང་གིས། སྤང་བྱ་གང་ཞིག །གཞི་སེམས་ཅན་གང་ལ་སྤོང་བར་བྱེད་པ་གསུམ་དུ་དངོས་པོར་དམིགས་
པ་ཡོད་ན་ཚུལ་ཁྲིམས་དེ་ནི་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་མདོ་ལས་བཤད་དོ། །ཚུལ་ཁྲིམས་དེ་ཤེར་ཕྱིན་གྱིས་ཟིན་ནས་འཁོར་གསུམ་ལ་ཆགས་པས་སྟོང་པ་དེ་ནི་འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱའོ། །<head n="8" t="སའི་ངེས་ཚིག་དང་རྣམ་སྨིན་དང་ཡོན་ཏན་བརྗོད་དེ་མཇུག་བསྡུ་བ།"/>གསུམ་པ་ནི། ས་འདིར་གནས་ཀྱི་
རྒྱལ་སྲས་ཟླ་བ་ལས་བྱུང་འཁོར་བར་མ་གཏོགས་པས་སྲིད་པ་མིན་ཀྱང་ཡོན་ཏན་ཕུན་སུམ་ཚོགས་པས་གླིང་བཞིའི་དབང་ཕྱུག་སྲིད་པའི་དཔལ་དུ་གྱུར་པ་འཆལ་བའི་དྲི་མ་དང་བྲལ་བ། དྲི་མ་མེད་པ་འདི་ཡང་ཇི་ལྟར་སྟོན་ཀའི་དུས་ཀྱི་ཟླ་བའི་འོད་དྲི་བྲལ་གྱིས་ནི་སྐྱེ་བོའི་
གདུང་བ་སེལ་བ་ཇི་བཞིན་དུ་འགྲོ་བའི་འཆལ་ཚུལ་གྱི་ཡིད་ཀྱི་གདུང་བ་སེལ་བར་བྱེད་པ་ཡིན་ནོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་གཉིས་པའི་བཤད་པའོ།། །།མཐའ་ཡས་འགྲོ་བའི་ཁུར་དང་མངོན་བྱང་ཆུབ། །རྒྱུ་འབྲས་ཐེག་པའི་ཁུར་ཆེན་
<pb id="1-1-59b"/>
བཟོད་བྱུང་བ། །གང་ལ་བཟོད་པ་མངའ་བའི་བློ་ཅན་དེ། །རྣམ་ཀུན་བསྟོད་བྱའི་གནས་སུ་མ་གྱུར་ཏམ། །<head n="7" t="ས་གསུམ་པ་འོད་བྱེད་པ།"/>གསུམ་པ་ལ། ཁྱད་གཞི་སའི་ངོ་བོ་མདོར་བསྟན། ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད། སའི་ཡོན་ཏན་བརྗོད་དེ་མཇུག་བསྡུ་བའོ། །<head n="8" t="ཁྱད་གཞི་སའི་ངོ་བོ་མདོར་བསྟན།"/>དང་པོ་ནི།
སེམས་བསྐྱེད་པ་གསུམ་པ་ཐོབ་ནས་སེམས་དཔའ་འདིའི་ས་ནི་གསུམ་པ་འོད་བྱེད་པ་ཞེས་བྱ་སྟེ། ཤེས་བྱའི་བུད་ཤིང་མ་ལུས་སྲེག་བྱེད་ཀྱི་ཡེ་ཤེས་ཀྱི་མེའི་འོད་འབྱུང་བའི་ཕྱིར་ནའོ། །དེ་ལྟའི་བདེར་གཤེགས་སྲས་པོ་དེ་ལ་དེ་ཚེ་ཡེ་ཤེས་ཀྱི་སྣང་བ་ནི་ཉི་མ་འཆར་ཀ་
ལྟ་བུའི་ཟངས་འདྲའི་སྣང་བ་འབྱུང་ངོ་། །<head n="8" t="ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད།"/>གཉིས་པ་ལ། བཟོད་པའི་ཕར་ཕྱིན་གྱི་ཡོན་ཏན་བསྟན་པ་དང་། སྤངས་རྟོགས་ཕྲིན་ལས་ཀྱི་ཡོན་ཏན་གཞན་བསྟན་པ་དང་། ཕར་ཕྱིན་གྱི་རྟེན་དང་ཚོགས་དང་འབྲས་བུའི་རྣམ་གཞག་བསྟན་པའོ། །<head n="9" t="བཟོད་པའི་ཕར་ཕྱིན་གྱི་ཡོན་ཏན་བསྟན་པ།"/>དང་པོ་ལ། ས་དེར་
བཟོད་པའི་ཕར་ཕྱིན་ལྷག་པར་བསྟན། ཞར་ལ་བཟོད་པའི་བསྔགས་པ་བཤད། འཇིག་རྟེན་ལས་འདས་མ་འདས་ཀྱི་རྣམ་དབྱེ་བསྟན་པའོ། །<head n="10" t="ས་དེར་བཟོད་པའི་ཕར་ཕྱིན་ལྷག་པར་བསྟན།"/>དང་པོ་ལ། སྙིང་རྗེས་བཟོད་པ་དང་། ཤེས་རབ་ཀྱིས་བཟོད་པའོ། །<head n="11" t="སྙིང་རྗེས་བཟོད་པ།"/>དང་པོ་ནི། སེམས་དཔའ་དེ་ནི་ཁྲོ་བའི་སྐབས་
དབྱེ་བ་མ་ཡིན་ཏེ། བཤད་མ་ཐག་པའི་ཡེ་ཤེས་དང་ལྡན་ཅིང་། གཞན་གྱི་སེམས་བསྲུང་ལ་མནར་སེམས་དགུས་ཀུན་ནས་བསླངས་ཏེ། སྒོ་གསུམ་གྱིས་གཞན་ལ་གནོད་པ་བྱེད་མི་སྲིད་པ་དེའི་ཕྱིར། དེས་ན་གལ་ཏེ་ཁོང་ཁྲོ་སྐྱེ་བའི་གནས་མིན་པའི་སེམས་
དཔའ་ལ་སེམས་ཁོང་ནས་འཁྲུགས་པའི་སྐྱེ་བོ་འགའ་ཡིས་སེམས་དཔའ་དེའི་ལུས་ལས་ཤ་ནི་རུས་བཅས་ཡུན་རིང་དུ་གཅོད་ཅིང་། དེའང་སྲང་རེ་རེ་ནས་སྡོད་ཅིང་སྡོད་ཅིང་བཅད་པར་གྱུར་ཀྱང་སེམས་དཔའ་དེའི་བཟོད་པ་གཅོད་པར་བྱེད་པ་ལ་ལྷག་པར་སྐྱེ་བ་ཡིན་ཏེ།
<pb id="1-1-60a"/>
བྱང་སེམས་ཀྱིས་སྡིག་པའི་ལས་ཅན་གྱི་སྡུག་བསྔལ་ལ་ལྷག་པར་དམིགས་པའི་ཕྱིར། ས་འདིར་གནས་ལ་འདི་ལྟར་སྲིད་མཐའ་བཟུང་ནས་ཁོང་མི་འཁྲུགས་ཞེས་བརྗོད་ཀྱི། ས་འདིར་གནས་ལ་སྐྱེ་བོ་ཕལ་པས་ཁྲོ་བའི་དངོས་ཡུལ་ག་ལ་
འོང་། <head n="11" t="ཤེས་རབ་ཀྱིས་བཟོད་པ།"/>གཉིས་པ་ནི། དེ་ལྟར་བཟོད་པར་མ་ཟད་ཆོས་ཐམས་ཅད་བདག་མེད་པར་མཐོང་བའི་བྱང་ཆུབ་སེམས་དཔའ་ལ་བཅད་བྱ་ཤ་རུས་གང་ཞིག །གཅོད་པོ་གང་གིས། དུས་གང་གི་ཚེ་མཚོན་སོགས་ཀྱིས་ཇི་ལྟར་གཅོད་ཀྱང་སེམས་དཔའ་དེ་ཡིས་བཟོད་པར་
འགྱུར་བ་ཡིན་ཏེ། གང་ཕྱིར་འཁོར་གསུམ་གྱི་ཆོས་ཐམས་ཅད་ཀྱང་སེམས་དཔའ་དེ་ཡིས་བདག་དང་བདག་གི་དང་བྲལ་བར་རང་བཞིན་མེད་པར་མཐོང་བ་དེས་ནའི་ཕྱིར་ཏེ་གཟུགས་བརྙན་ལྟར་རོ། །ཀྱང་སྒྲས་ནི་བཟོད་རྒྱུ་སྔ་མའང་བསྡུས་སོ། །<head n="10" t="ཞར་ལ་བཟོད་པའི་བསྔགས་པ་བཤད།"/>གཉིས་པ་
ལ། ཁོང་ཁྲོའི་ཉེས་དམིགས། བཟོད་པའི་ཕན་ཡོན་ནོ། །དེས་ན་ཁོང་ཁྲོ་སྤངས་ཏེ་བཟོད་པ་སྒོམ་པར་གདམས་པའོ། །<head n="11" t="ཁོང་ཁྲོའི་ཉེས་དམིགས།"/>དང་པོ་ལ། འཇིག་རྟེན་འདིར་དོན་མེད་པ། འཇིག་རྟེན་ཕ་རོལ་དང་འགལ་བ། འདི་དང་ཕ་རོལ་གྱི་ཉེས་དམིགས་གཞན་ཡང་བསྟན་
པའོ། །<head n="12" t="འཇིག་རྟེན་འདིར་དོན་མེད་པ།"/>དང་པོ་ནི། བཟོད་པ་ནི་སེམས་དཔས་ཉམས་སུ་བླང་བྱར་མ་ཟད། སྐྱེ་བོ་གཞན་གྱིའང་ཡོན་ཏན་བསྲུང་བའི་རྒྱུར་ཁྲོ་བ་ལས་བཟློག་རིགས་ཏེ། བདག་ལ་ཕ་རོལ་གྱིས་གནོད་པ་བྱས་པས་གལ་ཏེ་གནོད་བྱེད་དེར་ཞེ་འཁམ་པ་སྟེ་རྐམ་པར་བཀོན་ན་ཆོས་
ཅན། གནོད་བྱེད་དེར་ཞེ་བཀོན་ནས་ཁྲོ་བ་ནི་ངེས་པར་ཚེ་འདིར་ཡང་དོན་མེད་དེ། ད་དེ་ལ་བདག་གིས་ཞེ་བཀོན་པས་བདག་ལུས་ལ་རྨ་སོགས་བྱས་ཟིན་གྱི་གནོད་པ་ཟློག་གམ་ཅི་སྟེ་མི་ཟློག་པ་དེའི་ཕྱིར་རོ། །སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་
<pb id="1-1-60b"/>
ལ་མི་དགའ་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ཡང་། །དེ་ལ་མི་དགའ་བྱས་ཅི་ཕན། །ཅེས་སོ། །དེར་མ་ཟད་དེ་ལ་དེར་བཀོན་ན་འཇིག་རྟེན་ཕ་རོལ་གྱི་བདེ་བ་སྒྲུབ་པ་དང་ཡང་ནི་འགལ་བར་འགྱུར་ཏེ། ཁོང་ཁྲོ་སྐྱེས་པས་རྣམ་སྨིན་ཡིད་མི་འོང་འཕེན་པའི་
ཕྱིར། <head n="12" t="འཇིག་རྟེན་ཕ་རོལ་དང་འགལ་བ།"/>གཉིས་པ་ལ། རྣམ་སྨིན་ཡིད་དུ་མི་འོང་བ་འཕེན་པ་དང་། ཡུན་རིང་བསགས་པའི་བསོད་ནམས་ཟད་པའི་རྒྱུར་བསྟན་པའོ། །<head n="13" t="རྣམ་སྨིན་ཡིད་དུ་མི་འོང་བ་འཕེན་པ།"/>དང་པོ་ནི། རང་གི་ཚེ་སྔ་མར་ཉེས་སྤྱད་ཀྱི་འབྲས་བུ་འདིར་ལོངས་སྤྱོད་པ་གཞན་གྱིས་གནོད་པར་རྟོག་པའི་བླུན་སེམས་ཀྱིས་
ཕ་རོལ་གྱི་གནོད་པ་ཕམ་པར་བྱེད་པར་རློམ་པ་ནི་བཟློག་རིགས་ཏེ། སྤྱོད་འཇུག་ལས། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། །ཞེས་འབྱུང་བའི་
ཕྱིར། མཚོན་རྣོན་པོ་འདེབས་པའི་དགྲ་ལ་བཟོད་པར་རིགས་ཏེ། རང་གིས་སྔོན་བྱས་པའི་མི་དགེའི་ལས་ཀྱི་འབྲས་བུ་ངན་སོང་དུ་རྣམ་སྨིན་དང་། འདིར་རྒྱུ་མཐུན་སྨིན་པ་གང་ལ་བཟོད་པར་བྱས་པས་ལས་འབྲས་ཟད་པར་བྱེད་པར་བརྗོད་པར་འདོད་པ་དེ་ཉིད་ཀོ་
ཡི་ཕྱིར་ཏེ། སྤྱོད་འཇུག་ལས། འདི་དག་ཉིད་ལ་བརྟེན་བྱས་ནས། །བཟོད་པས་བདག་སྡིག་མང་དུ་འབྱང་། །ཞེས་སོ། །གནོད་བྱེད་ལ་བཟོད་པ་མ་བསྒོམས་པར་དེའི་ལན་དུ་གནོད་པ་བྱེད་ན། རང་ཉིད་ལ་རང་གིས་སླར་གནོད་པའི་ས་བོན་རྒྱུ་ཉིད་ཀྱིས་
ངན་སོང་དུ་འཁྲིད་པར་བྱེད་དེ། ད་ལྟ་གནོད་བྱེད་ལ་བཟོད་པ་སྒོམ་པ་ནི་དཔེ་ཇི་ལྟ་བུ་ན། ནད་གསོ་བ་ལ་སྨན་བསྟེན་པའི་སྐབས་ཀྱི་སྡུག་བསྔལ་འདས་ཟིན་པ་ལས་ཀྱང་ཆེས་ལྷག་པའི་སྡུག་བསྔལ་རང་རྒྱུད་ལ་སྐྱེད་པར་བྱེད་པའི་ཕྱིར་ཏེ། གནོད་བྱེད་